རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་།

Central For Middle Way Initiative

中间道路倡议中心

རྩ་འཛིན་སྒྲིག་གཞི།

༄༅།  །རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་རྩ་འཛིན་སྒྲིག་གཞི།

ལེའུ་དང་པོ།    རྩ་འཛིན།

དོན་ཚན་དང་པོ།     སྒྲིག་གཞིའི་མིང།

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྩ་འཛིན་སྒྲིག་གཞི་བོད་རྒྱལ་ལོ་༢༡༤༨ སྤྱི་ལོ༢༠༢༢ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།     འགོ་འཛུགས།

རྩ་འཛིན་སྒྲིག་གཞི་འདི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་དུ་གཏན་

འབེབས་བྱས་ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ།

དོན་ཚན་གསུམ་པ།      ཁྱབ་ཚད།

སྒྲིག་གཞི་འདི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཁོངས་གཏོགས་ཡོངས་ལ་ཁྱབ་པ་ཡིན།

ལེའུ་གཉིས་པ།     གཞི་རྩའི་དམིགས་ཡུལ་དང་བྱེད་སྒོ།

དོན་ཚན་བཞི་པ།     གཞི་རྩའི་དམིགས་ཡུལ།

༡།     སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་འབད་བརྩོན་བྱ་རྒྱུ།

༢།                              རྒྱལ་སྤྱིའི་ཁྱོན་དང་ཡང་སྒོས་རྒྱ་རིགས་མི་མང་ལ།བོད་རྒྱ་གཉིས་སྨན་ཀྱི་འཚེ་མེད་ཞི་བའི་ལྟ་གྲུབ་དམ་བཅར་བཟུང་བའི་དབུ་མའི་ལམ་འདི་ངོ་ལྐོག་མེད་པའི་སྲིད་བྱུས་ཡང་དག་ཅིག་ཡིན་པ་ངོ་སྤྲོད་བྱ་རྒྱུ།

༣།     བོད་དོན་བདེན་མཐའ་གསལ་ཐབས་སུ་རང་ནུས་གང་ལྕོགས་ཀྱིས་ལས་འགུལ་སྣེ་མང་སྤེལ་རྒྱུ།

༤།      བོད་ཆོལ་གསུམ་ཆོས་ལུགས་དང་བཅས་པ་མཐུན་སྒྲིལ་དམ་གཙང་ཐོག་གོང་བུའི་ནུས་ཤུགས་ཡོད་རྒུ་སྤྱི་དོན་སྟེང་སྤུངས་ཐབས་བྱ་རྒྱུ།

༥།       བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་།ཡུལ་སྲོལ་གོམས་གཤིས།ཁོར་ཡུག་བཅས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་འབྱུང་ཐབས་ཀྱི་བྱེད་སྒོ་སྤེལ་རྒྱུ།

༦།    རྒྱ་གར་གྱིས་གཙོས་པའི་བོད་མི་གནས་ཡུལ་རྒྱལ་ཁབ་ཁག་ཏུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་ད་ལྟའི་གནས་བབ་སྐོར་གོ་རྟོགས་སྤེལ་རྒྱུ།

དོན་ཚན་ལྔ་པ།     བྱེད་སྒོ།

༡།       སྒྲིག་གཞི་འདིའི་གཞི་རྩའི་དམིགས་ཡུལ་ཁག་སྒྲུབ་ཐབས་སུ་སྤྱི་སྒེར་ཚང་མས་འབད་བརྩོན་བྱ་རྒྱུ།

༢།       རྒྱལ་སྤྱིའི་དབུ་མའི་གྱི་མི་མང་ལས་འགུལ་ཁང་གི་དབུས་ས་གཉིས་ཀྱི་རྒྱུན་ལས་ལས་དོན་

ཡར་རྒྱས་ཚགས་ཚུད་ཡོང་ཐབས་སུ་ཚོགས་མི་ཚང་མས་མཐུན་འགྱུར་མཉམ་རུབ་བྱ་རྒྱུ།

༣།     རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཛ་དྲག་འགན་བསྐུར་གང་གནང་འབད་སྒྲུབ་བྱ་དགོས།

༤།      བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བོད་ཀྱི་ཡུལ་མིའི་གཞི་རྩའི་ཐོབ་ཐང་དང་།  ལས་འགན་ཁག་སྒྲུབ་དགོས།

༥།       ཆབ་སྲིད་ཀྱི་ལས་འགུལ་གང་ཞིག་སྤེལ་ཡང་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྩ་འཛིན་སྒྲིག་གཞིའི་དགོངས་དོན་དང་མ་འགལ་བ་བྱ་རྒྱུ།

ལེའུ་གསུམ་པ།     དབུས་སའི་རྒྱུན་ལས་དང་སློབ་སྟོན་པའི་འོས་ཆོས

དོན་ཚན་དྲུག་པ།     འོས་ཆོས།

༡།       དབུ་མའི་ལམ་ལ་ཡིད་ཆེས་ངེས་རྙེད་ཡོད་པ།

༢།       འཚེ་མེད་ཞི་བར་ཡིད་ཆེས་ཡོད་པ།

༣།       ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་མེད་པ།

༤།      དོལ་རྒྱལ་བསྟེན་གསོལ་བྱེད་མཁན་མ་ཡིན་པ།

༥།       བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

༦།       དང་བླངས་དཔྱ་དངུལ་གཙང་ཕུལ་ཟིན་པ།

༧།      དབུས་སའི་རྒྱུན་ལས་རྣམས་རང་ལོ་༡༨ཧྲིལ་པོ་དང་སློབ་སྟོན་པ་རྣམས་རང་ལོ་༣༥ཧྲིལ་པོ་ལོན་པ།

༨།      ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཚན་དམོད་ངན་བསྡོ་བྱེད་མཁན་མ་ཡིན་པ།

༩།       ནག་ཉེས་ཁྲིམས་ཆད་ཕོག་པ་མ་ཡིན་པ།

༡༠།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྩ་འཛིན་སྒྲིག་གཞི་དང་།ཚོགས་ཆེན་གྱི་གྲོས་ཆོད་ཁག་ལ་གནོད་འགལ་དང་བརྩི་མེད་བྱེད་མཁན་མ་ཡིན་པ།

ལེའུ་བཞི་པ།    ཐོང་ཐང་དང་འོས་འགན།

དོན་ཚན་བདུན་པ་།  དབུས་ས་གཉིས་ཀྱི་རྒྱུན་ལས་ཁག་གི་ཐོབ་ཐང་།

༡།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་ས་གཉིས་ཀྱི་རྒྱུན་ལས་དག་ཕོ་མོ།ཆོས་ལུགས།སྐྱ་སེར།དབུལ་ཕྱུག  གོ་གནས་སོགས་ཀྱི་དབྱེ་བ་མེད་པར་འདྲ་མཉམ་གྱིས་སྒྲིག་གཞི་འདིའི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག

༢།       བོད་ཀྱི་ཡུལ་མི་རང་ལོ༡༨ཧྲིལ་པོ་ལོན་པ་རྣམས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་དང་ས་གནས་རྒྱུན་ལས་ཀྱི་འོས་གཞིར་ཞུགས་པའམ།  འོས་ཤོག་འཕེན་པའི་ཐོབ་ཐང་ཡོད།

༣།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་ས་གཉིས་ཀྱི་ལས་དོན་བྱེད་ཕྱོགས་ལ་བསམ་འཆར་འདོན་པ་དང་།  གཞེན་སྐུལ་བྱེད་ཆོག

༤།      ས་གནས་རྒྱུན་ལས་ཁག་ནས་དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཡིག་ཆ་དང་རྩིས་ཁྲར་ལྟ་ཞིབ་བྱེད་ཆོག

དོན་ཚན་བརྒྱད་པ།     དབུས་སའི་རྒྱུན་ཀྱི་ལས་འགན།ཉིས་ཀྱི་རྒྱུན་ལས་དག་གི་ལས་འགན།

༡།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དམིགས་ཡུལ་ཞིབ་ཕྲ་དང་རྩ་འཛིན་སྒྲིག་གཞི་ལ་བརྩི་བཀུར་དང་ཉམས་ལེན་བྱེད་དགོས།

༢།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་དང་།དམིགས་བསལ་ཚོགས་ཆེན་གྱི་གྲོས་ཆོད་ཁག་ལ་བརྩི་སྲུང་དང་ལག་བསྟར་བྱེད་དགོས།

༣།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་དང་ས་གནས་རྒྱུན་ལས་ཁང་གིས་

སྤེལ་བའི་ལས་འགུལ་སྤྱི་དང་།  ཚོགས་འདུ་དང་འདུ་འཛོམས་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་དགོས།

༤།      རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ས་གནས་རྒྱུན་ལས་ཕན་ཚུན་དབར་རོགས་རེས་དང་རྒྱབ་སྐྱོར་བྱེད་དགོས།

༥།       ས་གནས་ཡོངས་རྫོགས་ནས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་ལ་གྲངས་བཅད་ལྟར་ངེས་ཕེབས་གནང་དགོས།

༦།   རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དགོས་གལ་ལྟར་ས་གནས་རྒྱུན་ལས་དང་འབྲེལ་མཐུད་པ་གསར་འཛུགས་དང་ཁུ་བསྡུ་བྱ་རྒྱུ།

ལེའུ་ལྔ་པ།    ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན།

དོན་ཚན་དགུ་པ།      རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་དང་དེའི་གྲུབ་ཆ།

༡།       ལོ་གསུམ་རེའི་མཚམས་སུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་རེ་སྐོང་ཚོགས་བྱ་རྒྱུ།

༢།ཚོགས་ཆེན་གྱི་གྲུབ་ཆ་ནི།དབུས་རྒྱུན་ལས་དང་།སློབ་སྟོན་པ།ས་གནས་རྒྱུན་ལས་དང་འབྲེལ་མཐུད་པ་བཅས་ཡིན་ཞིང་།དབུས་རྒྱུན་ནས་ཚོགས་བཅར་བའི་གྲངས་འབོར་དང་། ཚེས་གྲངས་གཏན་འབེབས་ལྟར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་བསྐོང་ཚོགས་གནང་རྒྱུ།

༣།     ཚོགས་ཆེན་ནི་དབུས་རྒྱུན་ལས་ཁང་གི་སྒྲིག་གཞི་གཏན་འབེབས་དང་བསྐྱར་བཅོས།དབུས་རྒྱུན་ཚོགས་མི་འདེམས་བསྐོ་དང་འཕོ་འགྱུར།གྲོས་ཆོད་འཇོག་པ།དབུས་རྒྱུན་གྱི་ལས་བསྡོམས་དང་རྩིས་ཞིབ་སྙན་ཐོར་ཞིབ་འཇུག་དང་འདྲི་བརྩད་བཅས་ཀྱི་དབང་ཚད་མཐོ་ཤོས་ཀྱི་ཚོགས་འདུ་དེ་ཡིན།

༤།      དྲུང་ཆེས་དབུས་རྒྱུན་གྱི་ཐག་གཅོད་ལྟར་ཚོགས་ཆེན་བསྐྱངས་རྒྱུའི་ཉིན་གྲངས་༣༠གོང་ས་གནས་རྒྱུན་ལས་དང་འབྲེལ་མཐུད་པ་ཚང་མར་ཚོགས་བརྡ་དང་གྲོས་གཞི་བཅས་ཆབས་འབུལ་ཞུ་དགོས།

༥།       ས་གནས་རྒྱུན་ལས་ཁག་གི་ཚོགས་གཙོ་ཚོགས་གཞོནདང་།དྲུང་ཆེ།ཡང་ན་དེ་དག་གི་སྐུ་ཚབ་བཅས་ཀྱི་ཚོགས་བཅར་བའི་གྲངས་བཅད་ལྟར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ལ་ཚོགས་བཅར་ཞུ་དགོས།

༦།    རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གྲངས་བཅད་ལྟར་གྱི་ཚོགས་བཅར་བའི་རྩ་འབོར་བརྒྱ་ཆ་ ༦༠ཡན་ལོན་པ་ཡིན་ན་ཚོགས་ཆེན་ཚོགས་པ་དང་། ལས་དོན་ཐག་གཅོད་བྱེད་ཆོག

༧། s ས་གནས་རྒྱུན་ལས་གསུམ་ཆ་གཉིས་སམ།སློབ་སྟོན་པའི་གསུམ་ཆ་གཉིས་།ཡང་ན་དབུས་རྒྱུན་ལས་གསུམ་ཆ་གཉིས་ཡན་གྱི་ཞུ་སྐུལ་བྱུང་ཚེ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྩ་འཛིན་སྒྲིག་གཞི་དང་དེའི་ཆ་རྐྱེན་འོག་ནས་བཟོ་འགོད་གཏན་འབེབས་བྱས་པའི་སྒྲིག་གཞི་ལ་བསྐྱར་བཅོས་ཁྲིམས་འཆར་འཁྱེར་ཆོག།

དོན་ཚན་བཅུ་པ།     རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དམིགས་བསལ་ཚོགས་ཆེན།

༡།   ས་གནས་རྒྱུན་ལས་ཁག་གི་རྩ་འབོར་སུམ་ཆ་གཉིས་ནས་ཡིག་ཐོག་ཞུ་སྐུལ་འབྱོར་བའམ། སློབ་སྟོན་པ་སུམ་ཆ་གཉིས་ཡན་གྱིིས་ཞུ་སྐུལ་འབྱོར་བར་དབུས་རྒྱུན་དུ་མང་མོས་བྱུང་ན་དམིགས་བསལ་ཚོགས་ཆེན་བསྡུ་སྐོང་བྱེད་ཆོག

༢། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་དམིགས་བསལ་ཚོགས་ཆེན་བསྡུ་སྐོང་བྱེད་པར་མོས་མཐུན་བྱུང་ན་དམིགས་བསལ་ཚོགས་ཆེན་བསྡུ་སྐོང་བྱེད་ཆོག།

༣།      དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཡུལ་དང་དུས་ཚེས།གྲོས་གཞི་བཅས་དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་གཏན་འབེབས་གནང་རྒྱུ།

༤། དམིགས་བསལ་ཚོགས་ཆེན་གྱི་གྲུབ་ཆ་ནི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སློབ་སྟོན་པ།གྲངས་བཅད་ལྟར་གྱི་ས་གནས་རྒྱུན་ལས་དང་འབྲེལ་མཐུད་པ།ཆེད་དམིགས་གདན་ཞུས་མི་སྣ།དབུས་རྒྱུན་ལས་བཅས་ཀྱིས་གྲུབ་པ་ཡིན།

དོན་ཚན་བཅུ་གཅིག་པ།     ཚོགས་འདུའི་སྐབས་ཀྱི་སྲུང་བྱ་ཁག

༡།    དབུས་སའི་ཚོགས་བཅར་བ་དང་།དབུས་རྒྱུན་ལས་ཁང་གི་གདན་ཞུས་སྐུ་མགྲོན་དང་།ཟུར་ཉན་པའི་ལག་འཁྱེར་འགྲེལ་སྤྲོད་བྱས་རིགས་མ་གཏོགས་ཚོགས་ཆེན་གྱི་ཚོགས་ཁང་དུ་མི་སུའང་རང་དགར་འཛུལ་ཞུགས་མི་ཆོག།

༢།      ཚོགས་གཙོ་དང་ཚོགས་མིས་བཀའ་མོལ་གནང་བཞིན་པའི་སྐབས་བར་འཚང་གིས་གཏམ་གླེང་དང་བར་བཅད་དེ་འགྲོ་བསྐྱོད་མི་ཆོག

༣།      ཚོགས་ཁང་ནང་ཚུལ་མཐུན་བག་ཡོད་བསྟེན་དགོས་པ་ལས།      མཐོང་ཆུང་།     ཁེངས་དྲེགས་ཀྱི་སྤྱོད་ཚུལ་སྟོན་པའམ་སྐད་འབོད་རིགས་མི་ཆོག

༤།    དབུས་རྒྱུན་ལས་ཀྱི་བཀའ་འཁྲོལ་མེད་པར་མཚོན་ཆ་དང་།མེ་རྫས།ཁ་པར།སྒྲ་བརྙན་ཕབ་ལེན་ཡོ་ཆས་རིགས་ཚོགས་ཁང་དུ་མཉམ་ཁྱེར་མི་ཆོག

དོན་ཚན་བཅུ་གཉིས་པ།      སྐུ་མགྲོན་དང་ཟུར་ཉན་པའི་གྲལ་མཚམས།

༡།  རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་སྐབས།ཚོགས་ཆེན་གྱི་གདན་ཞུས་སྐུ་མགྲོན་རྣམས་དབུས་རྒྱུན་ནས་གོ་སྒྲིག་ལྟར་གྱི་གྲལ་གནས་སུ་བཞུགས་རྒྱུ།

༢།     ཟུར་ཉན་པ་རྣམས་དབུས་རྒྱུན་ལས་ཀྱིས་ལག་འཁྱེར་འགྲེམས་སྤྲོད་བྱས་པ་ལྟར་ཟུར་ཉན་པའི་གྲལ་མཚམས་སུ་བཞུགས་རྒྱུ་ལས་ཚོགས་ཞུགས་ཚོགས་མིའི་གྲས་སུ་འཚང་འཛུལ་མི་ཆོག་པ་དང་།གཏམ་བཤད་དང་།ཐག་གཅོད་ཀྱི་བྱ་རིམ་ནང་གོ་སྐབས་ལེན་མི་ཆོག

ལེའུ་དྲུག་པ།    དབུས་རྒྱུན་ལས་ཀྱི་གྲངས་ཚད་དང་ཡུན་ཚད།  འོས་བསྡུ།

དོན་ཚན་བཅུ་གསུམ་པ།     དབུས་རྒྱུན་ལས།

༡།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་ལས་ཀྱི་གྲངས་འབོར་  ༡༡ ཡིན།

༢།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་ལས་ལ་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ། རྩིས་པ་དང་།   དངུལ་གཉེར།   འབྲེལ་མཐུད་འགན་འཛིན།  དཔལ་འབྱོར་འགན་འཛིན་བཅས་དབུས་རྒྱུན་ནང་ཁུལ་ནས་ལས་བགོས་བསྐོ་གཞག་བྱེད་དགོས།

༣།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་ལས་སྐབས་རེའི་ཡུན་ཚད་ལོ་གསུམ་རེ་ཡིན་ཞིང་།ཡུན་ཚད་བསྟུད་མར་གཉིས་རྗེས་བར་མཚམས་འཇོག་དགོས།དབུས་རྒྱུན་གསར་པ་འོས་འདེམས་མ་བྱུང་བར་དབུས་རྒྱུན་རྙིང་པས་ལས་འཁུར་རྒྱུན་འཁྱོངས་བྱ་དགོས།

༤།      རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་གྱི་རྩ་འབོར་སུམ་ཆ་གཉིས་ལོངས་ཚེ།    ལས་དོན་ཐག་གཅོད་བྱེད་ཆོག།

༥།       དབུས་རྒྱུན་ཚོགས་འདུའི་ནང་མང་མོས་ཐག་གཅོད་ཇི་བྱུང་མཉམ་རུབ་ཀྱིས་འགན་འཁུར་ལེན་དགོས།

༦།       དབུས་རྒྱུན་རྣམས་ལོ་འཁོར་གཅིག་ནང་འཆར་ཅན་ཚོགས་འདུ་གཉིས་ལས་མི་ཉུང་བ་ཚོགས་དགོས་པ་དང་།  གྲོས་གཞི་དང་ཉིན་གྲངས་ཇི་ཚོགས་དབུས་རྒྱུན་ནས་ཐག་གཅོད་གནང་རྒྱུ།   ཚོགས་འདུ་སྔ་རྗེས་དབར་ཟླ་དྲུག་ལས་མ་བརྒལ་བ་བྱ་དགོས།

༧།      དབུས་རྒྱུན་ལས་ཁང་ནས་ཚོགས་འདུའི་དུས་ཚེས་དང་།ཚོགས་ཡུལ།ས་གནས་བཅས་འཁོད་པའི་ཚོགས་སྐོང་བརྡ་ཐོ་ཉིན་གྲངས་  ༢༡  སྔོན་ཚུད་དབུས་རྒྱུན་ཚོགས་མི་རེ་རེ་ལ་གཏོང་དགོས།

དོན་ཚན་བཅུ་བཞི་པ།     དབུས་རྒྱུན་འོས་འདེམས་བྱ་ཕྱོགས།

༡།       སྐབས་སོ་སོའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐོག་ཚོགས་བཅར་བས་་གསང་བའི་འོས་ཤོག་འཕངས་ཏེ་དབུས་རྒྱུན་རྣམས་འོས་འདེམས་བྱེད་དགོས།

༢།       དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་གྱི་འོས་བསྡུ་ནམ་དགོས་སྐབས།   འོས་བསྡུའི་འགན་འཛིན་གཅིག་དང་།    ལས་བྱེད་གཉིས་བསྐོ་གཞག་བྱེད་དགོས་པ་དང་།    འོས་བསྡུའི་ལས་གནས་འཛིན་མཁན་གང་ཞིག་འོས་གཞིར་སླེབས་ཚེ།      འོས་བསྡུའི་ལས་འགན་བཤོལ་དགོས།

༣།       འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་བྱ་རྒྱུ་དང་།     དབུས་རྒྱུན་གྲངས་བཅད་མཐའ་མའི་འོས་ཤོག་འདྲ་མཉམ་བྱུང་ཚེ་བསྐྱར་དུ་འོས་བསྡུ་བྱེད་དགོས།

༤།      འོས་བསྡུའི་ལས་བྱེད་ནས་འོས་ཐོབ་མང་རིམ་རྩེ་བཏོག་གྲངས་ ༡༡ཚོགས་ཆེན་ཐོག་འདེམས་ཐོན་བྱུང་བའི་གསལ་བསྒྲགས་བྱ་རྒྱུ་དང་།    འཕྲོས་ལྷག་འོས་ཐོབ་མང་ཉུང་གོ་རིམ་ལྟར་མཚན་གཞུང་བཀོད་པའི་སྒུག་ཐོར་འོས་བསྡུའི་ལས་བྱེད་ཐུན་མོང་གི་མིང་རྟགས་བཀོད་དེ།    འདེམས་ཐོན་དབུས་རྒྱུན་ལ་ཕུལ་བ་རྩ་འཛིན་ཡིག་ཆའི་ཁོངས་སུ་བདག་ཉར་བྱེད་དགོས།

༥།       དབུས་རྒྱུན་ས་མིག་སྟོང་པ་ཐོན་ཚེ་བར་མའི་འོས་བསྡུ་མ་དགོས་པར་དབུས་རྒྱུན་ཚོགས་གཙོ་ཚོགས་གཞོན་དང། དྲུང་ཆེ་ནས་སྒུག་ཐོའི་འོས་ཐོབ་མང་རིམ་རྩེ་བཏོག་གིས་ཚབ་གསར་བསྐོ་གཞག་བྱེད་ཆོག

༦།     ལུགས་མཐུན་དགོངས་པ་ཞུ་འཁྲོལ་མ་བྱུང་བར་དབུས་རྒྱུན་ཚོགས་འདུ་བསྟུད་མར་ཐེངས་གཉིས་ལ་བཅར་ཞུགས་མ་བྱས་ཚེ་དབུས་རྒྱུན་ནས་རང་བཞིན་གྱིས་བུད་པ་ཡིན།

དོན་ཚན་བཅོ་ལྔ་པ།     སློབ་སྟོན་ཚོགས་ཆུང།

༡།       དབུས་རྒྱུན་ནས་སློབ་སྟོན་པ་མི་  ༣ནས་  ༥  བར་བསྐོ་གཞག་བྱ་རྒྱུ།

༢།       སློབ་སྟོན་པ་རྣམ་པས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གལ་གནད་ཆེ་བའི་སྲིད་བྱུས་ཐོག་དབུས་རྒྱུན་རྣམས་ལ་དུས་ནས་དུས་སུ་སློབ་སྟོན་གནང་རྒྱུ།

༣།   རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འཆར་འཕར་ཚོགས་ཆེན།དམིགས་བསལ་ཚོགས་ཆེན་ལ་ཕེབས་ཞུགས།

ལེའུ་བརྒྱད་པ།     དབུས་རྒྱུན་གྱི་འགན་དབང་།

དོན་ཚན་བཅུ་བདུན་པ།  དབུས་རྒྱུན་གྱི་འགན་དབང་།

༡        རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་རྩ་འཛིན་སྒྲིག་གཞི་དང་།  ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་གྱི་གྲོས་ཆོད།    ཐག་གཅོད་ཁག་དབུས་རྒྱུན་ལས་ཀྱིས་འགན་ཁུར་ཏེ་ཐད་ཀར་རམ་ས་གནས་རྒྱུན་ལས་ཁག་བརྒྱུད་ལག་བསྟར་དོན་འཁྱོལ་བྱེད་དགོས།

༣།       དབུས་རྒྱུན་གྱི་ལས་ཁུངས་དང་མཁར་དབང་། མ་དངུལ་བཅས་ལ་དོ་དམ་དང་སྟངས་འཛིན་བྱ་རྒྱུ།

༤།      ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན།  རྒྱུན་ལས་ཚོགས་འདུ་བསྐོང་འཚོག་བྱ་རྒྱུ།

༥།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དཔལ་འབྱོར་ཡར་རྒྱས་ཚགས་ཚུད་ཡོང་སླད་དབུས་རྒྱུན་ནས་དུས་ནས་དུས་སུ་ལས་གཞི་འཆར་འགོད་དང་དཔལ་འབྱོར་འདུ་འགོད་ཀྱི་བྱེད་སྒོ་སྤེལ་རྒྱུ།

༦།       ས་གནས་རྒྱུན་ལས་ཁག་ལ་དུས་ནས་དུས་སུ་ལས་དོན་ཞུ་སྒོའི་ལམ་སྟོན་དང་། སྐུལ་འདེབ་བཀོད་འདོམས།     སྟངས་འཛིན་བྱ་རྒྱུ།

༧།      རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཆེད་ཞལ་འདེབས་དང་རོགས་དངུལ་ཞུ་ལེན་ཆོག་རྒྱུ།

༨།     རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དམིགས་ཡུལ་ལ་གནོད་གཞིའི་དངུལ་དངོས་རིགས་ཞུ་ལེན་མི་ཆོག

༩།       ༧རྒྱལ་བའི་སྐུ་ཕྱྭ་དང་ཞབས་རིམ་སྒྲུབ་དགོས་ཁག་སྐབས་འཕྲལ་ས་གནས་སོ་སོར་བཀོད་ཁྱབ་གཏོང་དགོས།

༡༠།       དགོས་གལ་དང་བསྟུན་པའི་བོད་མིའི་འདུ་གནས་ས་གནས་གང་ཞིག་ཏུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ས་གནས་རྒྱུན་ལས་སམ།   འབྲེལ་མཐུད་པ་བསྐོ་འཛུགས་དང་ཕྱིར་བསྡུ་བྱ་འཐུས།

༡༡།     དབུས་རྒྱུན་གྱི་ལོ་རེའི་སྔོན་རྩིས་འགན་འཛིན་ལྷན་ཚོགས་སུ་འཆར་འབུལ་དང་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།

༡༢།     རྩིས་ཞིབ་ཟིན་པའི་རྩིས་ཁྲ་དང་ཚོགས་ཆུང་ཁག་གི་སྙན་ཐོ་ལ་ཐུགས་ཞིབ་འགན་འཛིན་ལྷན་ཚོགས་ནས་བཀའ་འཁྲོལ་ཆོག་མཆན་ལྟར་ལག་བསྟར་བྱེད་དགོས།

༡༣།     སྐབས་སོ་སོའི་རྒྱུན་ལས་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་ཟླ་བ་གཅིག་གི་ནང་ཚུད་ཟིན་པ་དགོས།

དོན་ཚན་བཅོ་བརྒྱད་པ།     དབུས་རྒྱུན་ཚོགས་གཙོ་གཞོནདྲུང་ཆེ།

༡།       འདེམས་ཐོན་དབུས་རྒྱུན་རྣམས་ལས་ཁུར་མ་ཞུགས་གོང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྒྲིག་གཞི་འདིའི་ཟུར་སྣོན་ཡིག་ཆ་(ཀ)ཚིག་གཞི་ལྟར་ལས་ཁུར་དམ་བཅའ་འམ་ཁས་ལེན་བྱ་དགོས།

༢། སྐབས་སོ་སོའི་དབུས་རྒྱུན་ཚོགས་ཐེངས་དང་པོའི་ཐོག་དབུས་རྒྱུན་རང་ཁོངས་ནས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ།དྲུང་ཆེ་བཅས་གསང་བའི་འོས་བསྡུ་བྱ་དགོས།

༣།   འདེམས་ཐོན་ཚོགས་གཙོ་དང་ཚོགས་གཞོན་དྲུང་ཆེ་བཅས་ནས་ལས་ཁུར་མ་ཞུགས་གོང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྒྲིག་གཞི་འདིའི་ཟུར་སྣོན་ཡིག་ཆ་(ཁ)ཚིག་གཞི་ལྟར་ལས་ཁུར་དམ་བཅའ་འམ་ཁས་ལེན་བྱ་དགོས།

༤། སྐབས་སོ་སོའི་དབུས་རྒྱུན་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་དབུས་རྒྱུན་ཁོངས་ནས་དངུལ་གཉེར།རྩིས་པ་དང་དཔལ་འབྱོར་འགན་འཛིན།འབྲེལ་མཐུད་པ་བཅས་བསྐོ་བཞག་བྱ་དགོས།

༥། དབུས་རྒྱུན་གྱི་རྩ་འབོར་སུམ་ཆ་གཉིས་ཡན་མོས་མཐུན་གྱིས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ།དྲུང་ཆེ་འཕོ་འགྱུར་གཏོང་དགོས་པའི་གྲོས་ཆོད་བྱུང་ན་ལས་དེ་མིན་ལས་ཁུར་ཡུན་ཚད་ལོ་གསུམ་ཡིན།

༦། ཚོགས་གཙོ་དང་ཚོགས་གཙོ་གཞོན།དྲུང་ཆེའི་ས་དམིགས་སྟོང་པ་ནམ་ཐོན་ལ་དབུས་རྒྱུན་ནས་གསང་བའི་འོས་བསྡུ་བྱ་དགོས།

༧།      ཚོགས་གཙོས་རྩ་དགོངས་ཞུ་དགོས་ན་དབུས་རྒྱུན་ལ་ཞུ་དགོས་པ་དང་། དེ་བྱིངས་ནས་ཚོགས་གཙོར་དགོངས་པ་ཞུ་འཁྲོལ་དགོས་པ་ཡིན།

༨།       དབུས་རྒྱུན་རྣམས་ཚོགས་བཅར་དགོངས་འཁྲོལ་དང་རྩ་དགོངས་ཞུ་དགོས་བྱུང་ཚེ་ཚོགས་གཙོའི་མཚན་ཐོག་རང་ཉིད་ཀྱི་མིང་རྟགས་འཁོད་པའི་དགོངས་ཤོག་འབུལ་དགོས།

དོན་ཚན་བཅུ་དགུ་པ།    ཚོགས་གཙོ་ཚོགས་གཞོན་དང་དྲུང་ཆེའི་ལས་འགན།

༡།  ཚོགས་གཙོ་ནས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་དང་། འགན་འཛིན་ལྷན་ཚོགས། ཚོགས་འདུ་ཁག་ལ་གཙོ་སྐྱོང་བྱ་རྒྱུ་དང་།དབུས་རྒྱུན་གྱི་ལས་དོན་སྤྱི་ཡོངས་ལ་འགོ་འདོམས་བྱ་རྒྱུ།

༢།  ཚོགས་གཙོས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དངུལ་རྩིས་དབང་ལྡན་འགན་འཛིན་གྱི་ལས་འགན་ལེན་རྒྱུ།

༣   རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་མཚན་ཐོག་ནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་འདུ་དང་མཛད་སྒོ་ཁག་ལ་བཅར་ཞུགས་བྱ་རྒྱུ།

༤།   ཚོགས་གཞོན་གྱིས་རྒྱུན་དུ་ཚོགས་གཙོའི་ལས་དོན་ལ་གཞོགས་འདེགས་དང་།ཚོགས་གཙོ་ངོ་བཞུགས་མེད་སྐབས་དེའི་ལས་འགན་རྣམས་ཚོགས་གཞོན་གྱིས་ལེན་རྒྱུ།

༥།  དྲུང་ཆེས་དབུས་རྒྱུན་གྱི་རྩ་འཛིན་ཡིག་ཆ་དང་། གན་རྒྱ། བདག་ཐོབ་ཡིག་ཆ་བཅས་བདག་ཉར་གྱིས། དབུས་རྒྱུན་འཕོ་ལེན་སྐབས་སོ་སོར་ཡིག་ཐོག་ཏུ་རྩིས་སྤྲོད་ལེན་ཁམས་གཙང་བྱེད་དགོས།

༦།  དྲུང་ཆེ་ལས་ཁུངས་སུ་རྒྱུན་བཞུགས་ཀྱིས་དབུས་རྒྱུན་གྱི་ལས་དོན་ལག་བསྟར་དང་མཇུག་སྐྱོང་དགོས་རིགས་ལ་འགན་ཁུར་ལེན་རྒྱུ།

༧།  དྲུང་ཆེས་ཚོགས་གཙོ་ཚོགས་གཞོན་ལ་གོ་བསྡུར་ཐོག་དབུས་རྒྱུན་ལས་ཁུངས་ཀྱི་རྒྱུན་ལྡན་ལས་དོན་ལ་ལྟ་རྟོག་དང་སྟངས་འཛིན་བྱ་རྒྱུ།

༨།  དྲུང་ཆེས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་མགྲིན་ཚབ་པའི་འགན་ཁུར་ལེན་རྒྱུ།

༩།  དྲུང་ཆེས་དབུས་རྒྱུན་གྱི་དངུལ་རྩིས་གཏོང་ལེན་འགན་འཛིན་གྱི་ལས་འགན་ལེན་རྒྱུ།

༡༠།དྲུང་ཆེས་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས།དབུས་རྒྱུན་འཆར་འཕར་ཚོགས་འདུ་ཁག་གི་ཚིག་ཐོ་བཟོ་འགོད་དང་བདག་ཉར་བྱ་རྒྱུ།

༡༡།  དྲུང་ཆེས་དེབ་སྐྱེལ་བྱས་པའི་ཡུལ་ཁྲིམས་ཀྱི་ཆ་རྐྱེན་གཞིར་བཟུང་ལོ་རེའི་རྩིས་ཁྲ་དང་རྩིས་ཞིབ་སྙན་ཐོ་དུས་ཐོག་ཁུངས་འབུལ་ལ་འགན་ཁུར་བླངས་ཏེ།ལས་གནས་འཕོ་ལེན་སྐབས་སོ་སོར་ཡིག་ཐོག་རྩིས་སྤྲོད་རྩིས་ལེན་ཁམས་གཙང་བྱེད་དགོས།

ལེའུ་དགུ་བ།      ས་གནས་རྒྱུན་ལས།

དོན་ཚན་ཉི་ཤུ་པ།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ས་གནས་རྒྱུན་ལས།

༡།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ས་གནས་རྒྱུན་ལས་རྣམས་ས་གནས་མི་མང་རང་ནས་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱ་རྒྱུ།

༢།       ས་གནས་རྒྱུན་ལས་ཁང་ནས་ས་གནས་མི་དམངས་དང་དབུས་རྒྱུན་ལ་འགན་ཁུར་བའི་ཐོག་ནས་

ལས་དོན་ལག་བསྟར་བྱ་རྒྱུ།

༣།       ས་གནས་རྒྱུན་ལས་ཁང་སོ་སོའི་མིང་དང་།    ལས་ཤོག།      ལས་ཐམ།   ལས་རྟགས་བཅས་དབུས་ནས་ཇུས་འགོད་གཏན་འབེབས་ལྟར་གཅིག་གྱུར་བཀོལ་སྤྱོད་བྱེད་དགོས།

༤།      ས་རྒྱུན་སོ་སོའི་ལོ་འཁོར་ལས་བསྡོམས་ལོ་རེར་དབུས་རྒྱུན་ལ་འབུལ་དགོས།

༥།  གལ་སྲིད་དམིགས་བསལ་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་ཆེ་ཁག་སྤེལ་དགོས་བྱུང་བའམ།དེ་ལྟའི་ལས་འགུལ་ས་རྒྱུན་མཚན་ཐོག་ནས་མཉམ་ཞུགས་དགོས་ཚེ་དབུས་རྒྱུན་ལ་སྙན་སེང་ངེས་པར་དུ་ཞུ་དགོས།

ལེའུ་བཅུ་པ།      འགན་འཛིན་ལྷན་ཚོགས།

དོན་ཚན་ཉི་ཤུ་རྩ་གཅིག་པ།       འགན་འཛིན་ལྷན་ཚོགས།

༡།      འགན་འཛིན་ལྷན་ཚོགས་ནི་སྐབས་དུས་སོ་སོའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སློབ་སྟོན་པ་རྣམ་པ་དང་།ལས་ཐོག་དབུས་རྒྱུན། ས་གནས་རྒྱུན་ལས་ཁག་གི་གི་ཚོགས་གཙོ་ཚོགས་གཞོན་བཅས་ཀྱི་གྲུབ་པ་ཡིན།

༢།      སྐབས་དུས་སོ་སོའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་གཙོ་སྐྱོང་བའི་འགན་ཁུར་ལེན་རྒྱུ།

༣།       འགན་འཛིན་ལྷན་ཚོགས་ཉུང་མཐར་ལོ་རེར་ཐེངས་གཅིག་ལྷན་ཚོགས་བྱ་རྒྱུ་དང་།དབུས་རྒྱུན་ནས་དགོས་གལ་དང་བསྟུན་ཏེ་འགན་འཛིན་ལྷན་ཚོགས་འཕར་མ་སྐོང་འཚོགས་བྱེད་ཆོག

༤། དབུས་རྒྱུན་གྱི་ལོ་རེའི་ལས་སྡོམས་དང་། བྱུང་སོང་རྩིས་ཁྲ།   རྩིས་ཞིབ་སྙན་ཐོ།     མ་འོངས་བྱེད་འཆར་ཁག་འགན་འཛིན་ལྷན་ཚོགས་སུ་སྙན་སྒྲོན་གྱིས་མོས་མཐུན་བཀའ་འཁྲོལ་ཞུ་དགོས།

༥།    སྒྲིག་གཞི་འདིའི་ཚིག་དོན་འགྲེལ་བརྗོད་དགོས་རིགས་བྱུང་ཚེ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གནང་རྒྱུ་དང་།དེས་འདོད་བློ་ཁེངས་མིན་བྱུང་རིགས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་སོ་སོར་ཐག་གཅོད་ཇི་བྱུང་མཐའ་མའི་ཐག་གཅོད་ཡིན།

༦།

དབུས་རྒྱུན་གྱི་ལས་དོན་བྱེད་ཕྱོགས་དང་།དངུལ་རྩིས་སྟངས་འཛིན་སྒྲིག་གཞི་དབུས་རྒྱུན་ནས་འཆར་འབུལ་བྱས་པ་འགན་འཛིན་ལྷན་ཚོགས་ནས་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱེད་དགོས།

ལེའུ་བཅུ་གཅིག་པ།     ཆབ་སྲིད་ལས་དོན།

དོན་ཚན་ཉི་ཤུ་རྩ་གཉིས་པ།      ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས།

༡།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་དང་དམིགས་བསལ་ཚོགས་

ཆེན་གྱི་གྲོས་ཆོད་གཏན་འབེབས་རྣམས་དབུས་རྒྱུན་ནས་ངེས་པར་དུ་ལག་བསྟར་གནང་དགོས།

༢།       རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་སའི་རྒྱུན་ལས་སུ་ཡིན་ཡང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དམིགས་ཡུལ་དང་འགལ་བའི་ལས་འགུལ་དང་།མཛད་སྒོ།འདུ་འཛོམས་ཅི་རིགས་སུ་མཉམ་ཞུགས་མི་ཆོག།

༣།       ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་མཚན་སྨད་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་ཁ་གཏད་ལངས་མཁན་སྐྱེ་བོ་སྤྱི་སྒེར་སུ་ཡིན་ལ་བརྡ་ལན་གསལ་པོ་སྤྲོད་དགོས།

༤།      ལས་འགུལ་ཆེ་ཕྲ་གང་ཞིག་སྤེལ་ཡང་འཚེ་མེད་ཞི་བའི་ལམ་ནས་སྤེལ་རྒྱུ།

༥།       ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་དུས་ནས་དུས་སུ་དབུས་རྒྱུན་ལས་ནས་གཏན་འབེབས་བྱ་རྒྱུ།

༦།      རླུང་འཕྲིན་དང་དུས་དེབ།ཚགས་ཤོག་ཁག་ལ་ཚོགས་གཙོ་དང་ཚོགས་གཞོན།དྲུང་ཆེ་བཅས་གོ་བསྡུར་གྱིས་སུ་རུང་ནས་ལན་འདེབས་གསལ་བཤད་གནང་འཐུས།   ཚོགས་གཙོ་དང་ཚོགས་གཞོན་ཡང་ན་དྲུང་ཆེ་གསུམ་དུས་ཁོམ་མ་བྱུང་ཚེ་དབུས་རྒྱུན་སུ་རུང་ལ་འགན་དབང་བསྐུར་ཆོག།དེ་མིན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་མིང་ཐོག་ནས་ཚགས་ཤོག་དང་རླུང་འཕྲིན་ཁག་ལ་གང་བྱུང་བཤད་མི་ཆོག

ལེའུ་བཅུ་གཉིས།   རྩ་འཛིན་སྒྲིག་གཞི་བསྐྱར་བཅོས་དང།   སྐད་ཡིག་ཚད་འཛིན།

དོན་ཚན་ཉེར་གསུམ་པ།  རྩ་འཛིན་སྒྲིག་གཞིའི་སྐད་ཡིག་ཚད་འཛིན།

༡།   རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྩ་འཛིན་སྒྲིག་གཞི་འདི་སྐད་ཡིག་གང་འདྲ་ཞིག་གི་

ཐོག་ཕབ་བསྒྱུར་བྱས་ཀྱང་ཚད་འཛིན་བོད་ཡིག་ཐོག་བྲིས་པའི་ཡིག་གཞིར་རྩ་འཛིན་བྱ་རྒྱུ།

དོན་ཚན་ཉེར་བཞི་པ།       ཁྲིམས་སྒྲིག་བསྐྱར་བཅོས།

༡།      སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་མཚམས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཀྱི་ངོ་ཡོད་ཚོགས་བཅར་བ་སུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་བསྐྱར་བཅོས་བྱ་འཐུས།

དོན་ཚན་ཉེར་ལྔ་པ།    ངོ་སྤྲོད་ལག་འཁྱེར།

༣།       དབུས་རྒྱུན་རྣམས་ལ་དམིགས་བསལ་ངོ་སྤྲོད་ལག་འཁྱེར་དུས་ཡུན་ལོ་གསུམ་འཁོད་བཟོ་རྒྱུ།

འདེམས་ཐོན་དབུས་རྒྱུན་ཚོགས་མིའི་ལས་ཁུར་དང་གསང་རྒྱའི་དམ་བཅར།

ཟུར་སྣོན་ཡིག་ཆ་།   ཀ

༄༅།།  བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ།རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་སུ་འདེམས་ཐོན་བྱུང་བ་ལྟར།བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་།རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྩ་འཛིན་སྒྲིག་གཞི་ལ་སྙིང་ནས་གུས་བཀུར་དང་།ཉམས་ལེན་ཞུས་ཏེ།རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་ཁུར་ཞུ་སྒོ་རྣམས་ཉེ་རིང་ཕྱོགས་ལྷུང་དང་།འཇིགས་ཞུམ་བསླུ་བྲིད་ཀྱི་དབང་དུ་མ་སོང་བར།དྲང་བདེན་ལྷག་བསམ་གཡོ་མེད་ཀྱི་སྒོ་ནས།བོད་སྤྱིའི་བསྟན་སྲིད་མི་རིགས་དང་རྒྱལ་སྤྱིའིི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྤྱི་སྨན་ལས་དོན་གྱི་ཆེད་དུ་རང་ནུས་ཅི་ཡོད་ཀྱིས་ཞབས་འདེགས་ཧུར་བསྐྱེད་ཞུ་རྒྱུ་དང་།རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གསང་རྒྱའི་ལས་དོན་གང་ཞིག་དབུས་རྒྱུན་ནས་ཕྱིར་བསྒྲགས་བྱེད་ཆོག་པའི་ཐག་གཅོད་མ་བྱུང་བར་དངོས་ཤུགས་བརྒྱུད་གསུམ་ནས་ཕྱི་གྱར་མི་འབྱུང་བའི་གསང་རྒྱ་དམ་ཉར་ཞུ་རྒྱུ་ཡིན།

༡   མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

༢    ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

ཟུར་སྣོན་ཡིག་ཆ།     ཁ

༄༅།།  བདག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་བགྱི་བ།རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོར/ཚོགས་གཞོན་དུ/དྲུང་ཆེར་འདེམས་ཐོན་བྱུང་བ་ལྟར།བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་།རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྩ་འཛིན་སྒྲིག་གཞི་ལ་སྙིང་ནས་གུས་བཀུར་དང་།ཉམས་ལེན་ཞུས་ཏེ།རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་ཁུར་ཞུ་སྒོ་རྣམས་ཉེ་རིང་ཕྱོགས་ལྷུང་དང་།འཇིགས་ཞུམ་བསླུ་བྲིད་ཀྱི་དབང་དུ་མ་སོང་བར།དྲང་བདེན་ལྷག་བསམ་གཡོ་མེད་ཀྱི་སྒོ་ནས།བོད་སྤྱིའི་བསྟན་སྲིད་མི་རིགས་དང་རྒྱལ་སྤྱིའིི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྤྱི་སྨན་ལས་དོན་གྱི་ཆེད་དུ་རང་ནུས་ཅི་ཡོད་ཀྱིས་ཞབས་འདེགས་ཧུར་བསྐྱེད་ཞུ་རྒྱུ་དང་།རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གསང་རྒྱའི་ལས་དོན་གང་ཞིག་དབུས་རྒྱུན་ནས་ཕྱིར་བསྒྲགས་བྱེད་ཆོག་པའི་ཐག་གཅོད་མ་བྱུང་བར་དངོས་ཤུགས་བརྒྱུད་གསུམ་ནས་ཕྱི་གྱར་མི་འབྱུང་བའི་གསང་རྒྱ་དམ་ཉར་ཞུ་རྒྱུ་ཡིན།

༡   མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།

༢    ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།

རྒྱལ་སྤྱིའི་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ནས་གཏན་ལ་ཕབ།

བོད་རྒྱལ་ལོ་ ༢༡༤༨ ཕྱོ་ལོ་ ༢༠༢༢