དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
༼ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༡ ཚེས་ ༢༣ ཉིན་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་མང་མོས་ཐག་གཅོད་འོས་བསྡུའི་ཟབ་སྦྱོང་བ་རྣམས་ལ་སྩལ་བའི་བཀའ་སློབ།༽
༄༅། །དེ་རིང་འདིར་ལས་དང་སྨོན་ལམ་གྱི་འབྲེལ་བའི་ཐོག་ནས་བོད་ཁ་བ་གངས་ཅན་གྱི་བསྟན་སྲིད་སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པར་དངོས་དང་བརྒྱུད་པའི་འགན་ཁུར་འཁྲི་བའི་མི་སྣ་མང་པོ་ཞིག་འཛོམས་པ་འདིའི་ཐོག་ཞུ་རྒྱུ། ཕྱིན་ཆད་ང་ཚོས་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་ཕྱོགས་སྐོར་ལ་བར་ལམ་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་རིམ་པ་མང་པོ་ཞིག་བྱུང་ཡོད། དེའི་ཐོག་ད་རེས་ཁྱེད་རང་ཚོས་གོ་བསྡུར་བྱས་ཡོད་པ་རེད། ཚོགས་འདུ་ཉི་མ་ཁ་ཤས་ཚོགས་པ་དེའི་རིང་གི་ཞིབ་ཕྲའི་གནས་ཚུལ་གསར་མཇལ་སར་བཀའ་ཤག་དང༌། ཚོགས་གཙོ་བཅས་དང་བཀའ་མོལ་རོབ་ཙམ་བྱུང༌། ཚོགས་འདུ་ཧ་ཅང་ཡག་པོ་བྱུང་འདུག་པར་དགའ་པོ་བྱུང༌། ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་ཡིན།
དེ་རིང་འདིར་ཕྱོགས་མཐའ་ཁག་ནས་མི་མང་པོ་སླེབས་ཡོད་ལ། འགྲོ་སོང་འདི་འདྲ་ཞིག་བཏང་བ་དང༌། ཁྱེད་རང་ཚོ་དོ་བདག་སོ་སོའི་ངོས་ནས་ཀྱང་ངལ་བར་མ་འཛེམས་པར་ཆེད་མངགས་ཡོང་བའི་དོན་གོ་ཆོད་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དྷ་རམ་ས་ལར་ཚོགས་འདུ་ཉིན་མ་ཁ་ཤས་འཚོགས་པ་ཡིན། དོན་དག་ག་རེ་ཡིན་མིན་གསལ་པོ་ཤེས་མ་བྱུང་ཟེར་བ་ལྟ་བུ་དང༌། སོ་སོའི་བསམ་བློའི་ནང་སེམས་ཁུར་དང་། འགན་ཁུར་གྱི་ཚོར་སྣང་གང་ཡང་མེད་པར་ལྟད་མོ་ལྟ་བར་ཡོང་བ་ལྟ་བུ་བྱས་ན་དགོས་པ་གང་ཡང་མེད། དེ་རིང་གལ་ཆེ་དོན་ཆེ་བྱས་ཏེ་འཚོགས་འདུ་ཚོགས་པ་འདིའི་ཐོག་གནས་ཚུལ་མང་པོ་བརྗོད་རྒྱུ་མེད་ཀྱང༌། དོན་ཚན་རེ་གཉིས་ཤིག་བརྗོད་འདོད་བྱུང༌། ད་ལྟ་བཀའ་ཤག་གི་ལས་བསྡོམས་ནང་གནས་ཚུལ་ཞིབ་ཚགས་པོ་དང༌། གསལ་བཤད་ལམ་སྟོན་ཡག་པོ་བྱས་འདུག ངོས་ནས་རྣམ་ཀུན་བཀའ་ཤག་གིས་འགན་ཁུར་ཆེ་ཙམ་བླངས་ན་ཡག་པོ་རེད་ཅེས་བརྗོད་ཡོད་ལ། གྲོས་ཚོགས་ཀྱི་ཐོག་ནས་ཀྱང་དེ་དེ་བཞིན་འགན་ཁུར་བླངས་ན་ཡག་པོ་འདུག ཕལ་ཆེར་ྋརྒྱལ་བ་རིན་པོ་ཆེ་མེད་པ་ནང་བཞིན་བྱ་རྒྱུ་འདི་གནད་འགག་འདུག་ཅེས་ངོས་ནས་རྟག་པར་བརྗོད་ཀྱི་ཡོད། དེ་ནི་ང་སེམས་ཤུགས་ཆག་པ་དང༌། ཡང་ན་སྤྱི་དོན་ལས་ཀར་ཡོལ་བ་དེ་འདྲ་རྩ་བ་ནས་མིན། དངོས་ཡོད་གནས་ཚུལ་ལ་ང་ལོ་རྒས་འགྲོ་གི་ཡོད། རྒས་ནས་གཞོན་དུ་འགྲོ་རྒྱུ་མེད། དེར་བརྟེན་བཀའ་ཤག་དང༌། སྤྱི་འཐུས་ཚོས་འགན་ཁུར་ཤུགས་ཆེ་ཙམ་བླངས་ནས་ཉམས་མྱོང་བསགས་ཏེ་འགྲོ་སྟངས་ཡག་པོ་ཞིག་ཆགས་ན། ང་ཚོའི་ལས་ཀ་འདི་ཧ་ཅང་བརྟན་པོ་ཆགས་རྒྱུ་ཡིན། དེ་མིན་ང་མི་གཅིག་ལ་བསྙེས་ཏེ་སྡོད་པ་ལྟ་བུ་འདི་འདྲ་བྱས་ན་ཉེན་ཁ་ཡོད།
བོད་སྤྱི་པའི་དོན་ལ་འཐབ་རྩོད་བྱ་རྒྱུ་འདི་བོད་མི་སྤྱིའི་ལས་འགན་ཡིན། དེ་ཡང་མང་གཙོའི་མཚན་ཉིད་ཚང་བའི་ཐོག་ནས་ང་ཚོས་འགན་འཁུར་ཏེ་འཐབ་རྩོད་བྱེད་དགོས། ང་ཚོར་བཙན་དབང་ཤོད་མཁན་གྱི་རྒྱ་ནག་གཞུང་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་ཐོག་འགྲོ་གི་ཡོད། བཙན་དབང་ཤོད་མཁན་ལ་ངོ་རྒོལ་བྱེད་མཁན་ང་རང་ཚོ་མང་གཙོ་མཚན་ཉིད་ཚང་བའི་ཐོག་འགྲོ་གི་ཡོད། དེར་བརྟེན་མུ་མཐུད་ཤར་བསྐྱོད་བྱེད་ཐུབ་ན་ལམ་ལུགས་འདི་ང་ཚོར་འཚམས་ཤོས་ཡིན་ལ། ནུས་པའང་ཐོན་ཐུབ་པ་ཡིན། དེར་བརྟེན་མི་མང་གིས་རེ་བ་བརྒྱབ་སྟེ་འོས་འདེམས་བྱས་པའི་སྤྱི་འཐུས་ཚོ་དང༌། སྤྱི་འཐུས་ཀྱིས་གཏན་འཁེལ་བྱས་པའི་བཀའ་བློན་ཚོ། དེ་འོག་གི་ལས་ཀ་བྱེད་མཁན་ཚོས་འགན་གཙང་མའམ། མང་ཙམ་འཁུར་དགོས། ཡང་གྲོས་ཚོགས་དང༌། བཀའ་ཤག་གི་ལས་ཀ་བྱེད་མཁན་ཚོར་ཤེས་བྱ་ཡོན་ཏན་ཡོད་མིན་ལ་མ་ལྟོས་པར་སྐབས་འཕྲལ་ནུས་པ་ཐོན་མིན་གྱི་སྐབས་སུ། ང་ལ་འཇོན་པོ་རྒོད་པོ་གང་ཡང་གཏོང་རྒྱུ་མེད་ཀྱང༌། ྋརྒྱལ་བ་རིན་པོ་ཆེའི་མིང་ཞིག་ཡོད་པའི་ཆ་ནས་ཐབས་ཤེས་བྱ་རྒྱུ་གང་ཡོད་པ་རྣམས་ངོས་ནས་བྱ་རྒྱུ་འོས་བབ་ཡིན། དེ་མིན་ང་རང་ཚོའི་ལས་ཀ་སྒྲིག་འཛུགས་ཀྱི་ཐོག་ནས་འགན་གཙང་མ་ཞིག་འཁྱེར་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་འདུག་ཅེས་བར་སྐབས་ནས་ངས་རེ་བ་འདི་ལྟར་རྒྱག་གི་ཡོད། ཁྱེད་རང་ཚོས་ཀྱང་ཧུར་ཐག་བྱེད་ཀྱི་ཡོད་པ་རེད། ལས་བསྡོམས་ནང༌གནས་ཚུལ་ཞིབ་ཚགས་པོ་དང༌། ཁ་གསལ་ཧ་ཅང་ཡག་པོ་བཀོད་འདུག་བསམ་ཏེ་ང་རང་དགའ་པོ་བྱུང༌། ཡང་བསྐྱར་ཐུགས་རྗེ་ཆེ་ཞེས་བརྗོད་ཀྱི་ཡིན།
དེ་རིང་ངོས་ནས་གོ་རིམ་བསྒྲིགས་ཏེ་བརྗོད་རྒྱུ་མེད་ཀྱང༌། ཁྱོད་རང་ཚོ་མང་པོ་ཞིག་ཕྱོགས་མཐའ་ཁག་ནས་ཡོང་བ་རྣམས་ཐུག་ཐུབ་པར་ང་རང་དགའ་པོ་བྱུང་། ཁྱོད་རང་ཚོ་ཡང་དགའ་པོ་བྱུང་ཡོད་ཀྱི་རེད། ངོས་ནས་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཕྱོགས་ཀྱི་ཐབས་ལམ་དབུ་མའི་ལམ་གྱི་ཐོག་འགྲོ་གི་ཡོད། དེའི་ཐོག་མའི་བྱུང་སྟངས་དང༌། རྩ་བའི་བསམ་བློའི་ཡོང་རྐྱེན་སྐོར་ཞུས་ན་སྙམ་པ་དྲན་བྱུང༌། དངོས་གཞིའི་ཡོང་རྐྱེན་ཆ་ཚང་ཞུས་པ་ཡིན་ན། སྐུ་མདུན་སྐུ་གོང་མས་བོད་ཀྱི་རྒྱལ་སྲིད་ཀྱི་ཐུགས་འགན་དགུང་ལོ་བཅོ་བརྒྱད་ཐོག་བཞེས་ཡོད། ང་རང་ལོ་བཅོ་ལྔ་བཅོ་དྲུག་གི་མཚམས་ལ་བོད་ཀྱི་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་ཁུར་ལེན་རྒྱུ་ཐོག་ཏུ་བབས། དུས་ཚོད་དེ་ནི་བོད་ལ་རྒྱ་ནག་གིས་བཙན་འཛུལ་བྱེད་འགོ་ཚུགས་པའི་སྐབས་ཡིན། ངས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་བླངས་པའི་ཉིན་མོ་དེ་ནས་བཟུང་རྩ་བའི་བོད་རྒྱ་གཉིས་ཀྱི་གནད་དོན་འདི་གཉིས་མོས་ཀྱི་ཐོག་ནས་དཀའ་ངལ་སེལ་རྒྱུའི་ཐབས་ལམ་གྱི་ཐོག་བསྐྱོད་པ་ཡིན།
འབྲི་ཆུ་ཕན་ཚུན་ས་མཚམས་ཕྱེ་བ་དེར་བརྩིས་ནས་ཕལ་ཆེར་ཕྱི་ལོ་ ༡༩༥༠ ལོའི་ལོ་འགོ་དཔྱིད་སྨད་དམ། དབྱར་སྟོད་ཙམ་ལ་ཐོག་མར་ལྡན་ཁོག་ལ་རྙོག་དྲ་བྱུང་ཡོད། དེ་སྐོར་ཞིབ་ཕྲ་ཤོད་དགོས་མི་འདུག ལོ་དེའི་སྟོན་མཚམས་སུ་ངས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་བླངས་པ་ཡིན། དེ་དུས་མདོ་སྤྱི་ངོ་ལས་རྒྱ་དམར་ལག་ཏུ་ཚུད་ཚར་ཞིང༌། གང་ལྟར་རྒྱ་དམར་དང་མཉམ་དུ་སྐད་ཆ་བཤད་ནས་ཐབས་ཤེས་བྱ་རྒྱུ་ལས་གཞན་གྱི་ཐབས་ཤེས་ལྷག་མེད། སྐད་ཆ་ཤོད་དགོས་ན་ཕར་ཕྱོགས་ལ་བསམ་བློ་གཏོང་ས་ཞིག་དགོས་པ་ཡིན། དེ་ལྟར་མེད་ན་སྐད་ཆ་ཤོད་ཐབས་རྩ་བ་ནས་མེད། ཕལ་ཆེར་ངོས་རང་གྲོ་མོར་མ་ཐོན་གོང་ལ་ལྷ་ས་ནས་བོད་རྒྱ་གྲོས་མོལ་བྱེད་རྒྱུའི་སྐུ་ཚབ་ཏུ་སྣེ་མགྲོན་ཐུབ་བསྟན་ལེགས་སྨོན་དང༌། བསམ་ཕོ་སྲས་བསྟན་འཛིན་དོན་གྲུབ་བཏང་བ་དང༌། གྲོ་མོར་འབྱོར་རྗེས་ཛ་སག་ཁེ་སྨད་བསོད་ནམས་དབང་འདུས་དང༌། མཁན་དྲུང་ལྷའུ་རྟ་ར་ཐུབ་བསྟན་བསྟན་དར་གཉིས་བཏང་བ་ཡིན། ང་ཕོད་སྐབས་དེར་པེ་ཅིང་ལ་སླེབས་ཚར་ཡོད། དེ་འདྲ་བྱས་ཏེ་བོད་རྒྱའི་དབར་ཐོག་མར་གྲོས་མོལ་བྱས་པ་རེད། ང་རང་ཚོར་རང་དབང་ཡོད་པའི་ཐོག་ནས་འདོད་པ་ཁེངས་པའི་གྲོས་མོལ་ཞིག་བྱེད་ཐུབ་མེད་ཀྱང༌། གནས་ཚུལ་སྡུག་ཤོས་ཤིག་གི་འོག་ནས་སྔོན་ལ་ཁེ་ཕན་གང་ལོན་གྱི་བསམ་བློ་བཏང་ནས་ཐབས་ཤེས་བྱས་ཏེ་གྲོས་མཐུན་ཡིག་ཆ་བཞག་པ་རེད། གྲོས་མཐུན་ལ་མིང་རྟགས་འགོད་སྐབས་ང་གྲོ་མོར་བསྡད་ཡོད། ང་ཚོ་མཐའ་གཅིག་ཏུ་འཐབ་རྩོད་བྱ་རྒྱུའི་ལམ་ལ་ཕྱིན་པ་ཡིན་ན། ང་གྲོ་མོ་ནས་རྒྱ་གར་ལ་ཐོན་ཆོག་བྱས་ཏེ་བསྡད་ཡོད། ང་ཚོ་འདོད་པ་ཁེངས་པའི་གྲོས་མོལ་ཞིག་བྱུང་མེད་ཀྱང༌། མེས་འཚིག་མེར་གཏུགས་ཀྱི་ཐབས་ཤེས་འདི་ལས་ལེགས་པ་ཞིག་མེད་པའི་གནས་ཚུལ་འོག་གྲོ་མོ་ནས་ལྷ་སར་ཕྱིར་ལོག་བྱས་པ་ཡིན།
དེ་ནས་ཕྱི་ལོ་ ༡༩༥༩ ལོར་གནས་ཚུལ་ཐབས་སྐྱོ་པོ་དེ་བྱུང༌། ཐོག་མར་ནོར་བུ་གླིང་ཁ་ནས་བྲོས། སྐབས་དེར་ལྷོ་ཁ་ས་ཁུལ་ལ་རྒྱ་མི་མེད་པས་ས་ཆ་བཙན་པ་ཡོད་སྟབས། ལྷོ་ཁར་བསྡད་ནས་ལྷ་སར་ཡོད་པའི་རྒྱ་མིའི་དམག་དཔོན་དང་སྐད་ཆ་ཤོད་རྒྱུའི་བསམ་བློ་བཏང་སྟེ་ནོར་བུ་གླིང་ཁ་ནས་ལྷོ་ཁར་བྲོས་པ་ཡིན། ལྷོ་ཁར་སླེབས་སྐབས་ལྷ་སར་དྲག་གནོན་བྱེད་འགོ་ཚུགས་པར་བརྟེན་ང་ཚོར་སྐད་ཆ་ཤོད་རྒྱུའི་གོ་སྐབས་མེད་པར་གྱུར། དེ་ནས་མུ་མཐུད་བྲོས་ཏེ་རྒྱ་གར་ལ་སླེབས་པ་ནས་བཟུང་ང་ཚོ་དང་རྒྱ་ནག་བར་ཐད་ཀར་འབྲེལ་བ་བྱ་རྒྱུའི་གོ་སྐབས་མ་བྱུང༌། རིག་གནས་གསར་བརྗེ་ཟེར་བའི་དུས་སྐབས་སུ་བོད་ཀྱི་ལུང་ཁུག་ས་ཁུལ་གྱི་གནས་ཚུལ་ཕར་བཞག་ལྷ་སའི་གནས་ཚུལ་ཡང་གོ་ཐོས་མེད་པར་དུས་ཡུན་གང་ཙམ་ཞིག་སོང་བ་རེད།
དེ་ནས་ཕྱི་ལོ་ ༡༩༧༣ ལོར་རྒྱ་ནག་ནང་རིག་གནས་གསར་བརྗེའི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་དང༌། བོད་ནང་ལའང་དེ་བཞིན་རིག་གནས་བརྗེའི་ལས་འགུལ་མུ་མཐུད་སྤེལ་བཞིན་པའི་སྒང་ཡིན། དེ་དུས་ཚེ་དབང་འཕྲིན་ལས་སྤྱི་འཐུས་ཚོགས་གཙོ་རྒན་གཞོན་གང་ཡིན་དྲན་གྱི་མི་འདུག་ཀྱང༌། ཚེ་དབང་འཕྲིན་ལས་དང་སྐད་ཆ་བྱུང་བ་གསལ་པོ་དྲན་གྱི་འདུག ང་ཚོ་སྐད་ཆ་བྱུང་དོན་ལ་སྔ་ཕྱི་མ་གཏོགས་རྒྱ་ནག་དང་ང་ཚོའི་བར་སྐད་ཆ་ཤོད་རྒྱུའི་དུས་ཚོད་ཅིག་ཏན་ཏན་འཆར་རྒྱུ་དང༌། ང་ཚོའི་ངོས་ནས་སྐད་ཆ་བཤད་དེ་དཀའ་ངལ་སེལ་ཐབས་བྱ་རྒྱུ་ལས། དེ་མིན་གྱི་ཐབས་ཤེས་གཞན་མེད། གལ་ཏེ་ཐབས་ཤེས་གཞན་ཡོད་པའི་དབང་དུ་བཏང་ཡང༌། ང་རང་ཚོར་འཚམས་པོ་ཡོད་མེད་བསམ་བློ་གཏོང་དགོས། སྐད་ཆ་བཤད་ཕྱིན་གཉིས་མོས་ཀྱི་ལམ་ཞིག་འཚོལ་རྒྱུ་ལས། ང་རང་ཚོ་སོ་སོའི་འདོད་པ་གཅིག་པུའི་ཐོག་ནས་སྐད་ཆ་ཤོད་རེས་ཡོང་ཐབས་མེད། དེར་བརྟེན་ང་རང་ཚོས་རྒྱ་ནག་དང་མཉམ་དུ་སྐད་ཆ་ཤོད་རྒྱུའི་ཐད་བསམ་བློ་གཏོང་དགོས་པས་གང་འདྲ་བྱས་ན་ལེགས་པ་འདུག ང་རང་ཚོས་རང་བཙན་གཙང་མ་ཞེས་བརྗོད་པ་འདི་ལོ་རྒྱུས་ཐོག་ནས་ང་ཚོར་ཐོབ་ཐང་ཡོད་པ་ཞིག་དང༌། ད་ལྟ་བོད་རྒྱ་ཆེའི་མི་མང་གི་མང་མོས་ལ་བསྟུན་ནའང་ཁོང་ཚོས་རང་བཙན་གྱི་འདོད་པ་བྱེད་ཀྱི་ཡོད་པ་རེད།
འོན་ཀྱང་རྒྱ་ནག་ཕྱོགས་ནས་རང་བཙན་གྱི་སྐད་ཆ་རྩ་བ་ནས་ཉན་འདོད་བྱེད་ཀྱི་མེད། ཁོང་ཚོས་ག་རེ་གཙིགས་ཆེན་པོ་བྱེད་ཀྱི་ཡོད་དམ་ཞེ་ན། ཁོང་ཚོས་བོད་ཁ་བྲལ་ཕྱིན་ན་འགྲིགས་ཐབས་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བོད་ཁ་བྲལ་ལ་མི་འགྲོ་བ་འདི་རྒྱ་ནག་གི་ཁེ་ཕན་ཡིན། ང་ཚོ་བོད་པའི་ངོས་ནས་ཀྱང་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་བྱུང་ན་འདི་ང་ཚོའི་ཁེ་ཕན་ཡིན། དེར་བརྟེན་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱུང་བ་ཡིན་ན། ང་ཚོར་རང་བཙན་གཙང་མ་མ་བྱུང་ཡང་དེའི་ཐད་བསམ་བློ་གཏོང་རྒྱུ་མེད་དམ་ཞེས་ཕྱི་ལོ་ ༡༩༧༣ ལོར་འགོ་བཙུགས་ཏེ་སྐད་ཆ་བྱུང་བ་སྐབས་དེའི་བཀའ་བློན་ཚོ་དང༌། སྤྱི་འཐུས་ཚོགས་གཙོ་གཉིས་བཅས་ནས་ཤེས་ཀྱི་ཡོད། དེ་དུས་ཧ་ཅང་ཞིབ་ཚགས་པོའི་འཆར་གཞི་གོ་རིམ་མེད་ཀྱང༌། རྩ་དོན་འདི་འདྲ་ཞིག་བྱུང་ན་ཡག་པོ་མེད་དམ་ཞེས་བསམ་བློའི་ནང་གྲ་སྒྲིག་བྱས་ཡོད།
དེའི་རྗེས་ངས་སྐད་ཆ་ཤོད་དུས། ང་ཚོས་འཐབ་རྩོད་བྱེད་པ་འདི་བདེ་སྐྱིད་ཀྱི་དོན་དུ་ཡིན་ཞེས་བཤད་ཡོད། རང་བཙན་གཙང་མ་ཞེས་བཤད་ན་རྒྱ་མིའི་རྣ་བར་འགྲོ་གི་མེད་པ་དང༌། ལམ་སང་རང་སྐྱོང་ཞེས་ཚིག་དམར་འདོན་བྱས་ན་བོད་པའི་རྣ་བར་འགྲོ་གི་མེད་པར་བརྟེན། ང་ཚོར་བདེ་སྐྱིད་དགོས་ཀྱི་ཡོད། ང་ཚོའི་རྩ་དོན་ནི་བདེ་སྐྱིད་ཡིན་ཞེས་བཤད་ཡོད། དོན་དངོས་ཀྱང་དེ་རང་ཡིན། ལྟ་བའི་ཐོག་ནས་བཤད་ན་ང་ཚོས་རང་བཙན་བཤད་པ་འདི་དང༌། རང་སྐྱོང་བཤད་པ་འདི་གཉིས་གང་གི་དོན་དུ་ཡིན་ཞེ་ན། གཉིས་ཀ་བདེ་སྐྱིད་ཀྱི་དོན་དུ་ཡིན་པ་ལས། སྡུག་བསྔལ་གྱི་དོན་དུ་མིན་པའི་འགྲེལ་བཤད་རྒྱག་རྒྱུ་ཡོད་ལ། དངོས་ཡོད་གནས་ཚུལ་ལའང་ཚིག་འདི་བེད་སྤྱོད་བྱས་ན་ཡག་པོ་ཡོང་པ་མཐོང་བྱུང༌། དེ་ལྟར་ང་ཚོའི་བསམ་བློའི་ནང་འཆར་གཞི་གོ་རིམ་བསྒྲིགས་ཡོད།
ཕྱི་ལོ་ ༡༩༧༨ ལོའི་ལོ་མཇུག་དང༌ ༡༩༧༩ ལོའི་ལོ་མགོར་རྒྱ་ནག་གཞུང་གི་ཧོང་ཀོང་དུ་ཡོད་པའི་མི་སྣ་དེ་འདྲ་བརྒྱུད་ནས་ཐོག་མར་རྒྱལ་ལོ་དོན་གྲུབ་ལ་འབྲེལ་བ་བྱས་ཏེ་ཕན་ཚུན་སྐད་ཆ་བཤད་ནས་འབྲེལ་བ་བྱེད་ཀྱི་ཡིན་ཞེས་བཤད་བྱུང༌། ང་ཚོའི་བསམ་བློའི་ནང་སྔ་ཕྱི་མ་ལྟོས་པར་རྒྱ་ནག་དང་མཉམ་དུ་སྐད་ཆ་ཤོད་རྒྱུ་ཕྱི་ལོ་ ༡༩༧༣ ལོ་ཡས་མས་ནས་ཡོད་པར་བརྟེན་ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་ཕྱོགས་ནས་ང་ཚོར་འབྲེལ་བ་བྱ་རྒྱུའི་རྣམ་འགྱུར་སྟོན་སྐབས། ང་ཚོའི་ངོས་ནས་ཀྱང་འབྲེལ་བ་བྱ་རྒྱུར་འདོད་པ་དང༌། དགའ་པོ་ཡོད་ཅེས་བརྗོད་དེ། ང་ཚོས་སྐུ་ཚབ་ཚོགས་པ་གཏོང་རྒྱུ་བྱས་པ་ཡིན།
དེ་ནས་བཟུང་ཕྱི་ལོ་ ༡༩༨༧ བར་ང་ཚོས་རྒྱ་ནག་དང་མཉམ་དུ་ཐད་ཀར་འབྲེལ་བ་བྱེད་སྐབས། རྒྱ་ནག་ཕྱོགས་ནས་གཞུང་འབྲེལ་གྱི་སྐད་ཆ་ཤོད་དུས་ཁོང་ཚོས་བོད་ནང་དཀའ་ངལ་ཡོད་པ་ཁས་ལེན་རྩ་བ་ནས་བྱེད་ཀྱི་མེད། ད་ལྟ་དཀའ་ངལ་གང་ཡོད་ཅེ་ན། ཏཱ་ལའི་བླ་མ་དང༌། བོད་པ་གང་ཙམ་ཞིག་ཕྱི་རོལ་ལ་ཡོད་པ་དེ་ཚོའི་དཀའ་ངལ་སེལ་ཐབས་ལ་ང་ཚོས་བསམ་བློ་གཏོང་གི་ཡོད། དེ་མིན་བོད་ནང་ཡར་རྒྱས་ཡག་པོ་དང༌། སྐྱིད་ཐག་ཆོད། བོད་པ་ཚོ་འདོད་པ་ཁེངས་ཏེ་བསྡད་ཡོད་ཅེས་ཤོད་ཀྱི་འདུག ཡང་རྒྱ་མིའི་ལས་བྱེད་སྒེར་པ་དང་ཐུག་དུས་ཁོང་ཚོས་བོད་ལ་དཀའ་ངལ་ཡོད་པ་དང༌། དཀའ་ངལ་དེ་ཚོ་སེལ་དགོས་ངེས་ཡིན་པ། དཀའ་ངལ་དེ་དག་ཀྱང་ཕན་ཚུན་སྐད་ཆ་བཤད་ནས་སེལ་ཐབས་བྱེད་དགོས་ཞེས། དཔེར་ན། ལས་བྱེད་ཡན་མེན་ཕུ་དང༌། གོའི་རུད་སོགས་ཁ་ཤས་ནས་བཤད་ཡོད། དེ་འདྲའི་དུས་སྐབས་སུ་རྒྱ་ནག་ནང་ཁུལ་དུ་མང་གཙོའི་ལས་འགུལ་ཤུགས་ཆེ་རུ་ཕྱིན་པ་དང༌། གཞུང་གི་སྲིད་བྱུས་ཀྱང་ཕྱོགས་ཡོངས་ནས་མཁྲེགས་སུ་ཕྱིན་པར་བརྟེན། ཐ་མ་ཕྱི་ལོ་ ༡༩༨༧ ལོར་ངོས་རང་ཨ་རིར་འགྲོ་སྐབས་བོད་རྒྱ་ཕྱོགས་གཉིས་བར་གྲོས་མོལ་བྱ་རྒྱུའི་ཐད་བོད་པའི་ཕྱོགས་ནས་རེ་འདུན་རྡོག་རྡོག་འདི་འདྲ་ཞིག་དགོས་ཞེས་དོན་ཚན་གསལ་པོ་ཤོད་རྒྱུ་གང་ཡོད་བཤད་པ་ཡིན་ན། རྒྱབ་སྐྱོར་བྱེད་མཁན་གྱི་ངོས་ནས་རྒྱབ་སྐྱོར་བྱེད་བདེ་པོ་ཡོང་རྒྱུ། དེ་མིན་བདེ་སྐྱིད་དགོས་ཞེས་བརྗོད་པ་འདི་སྤོམ་ཚིག་ཙམ་ལས། ཁ་གསལ་མེད་པས་གསལ་ཁ་གཏོད་ན་ལེགས་པའི་བསམ་འཆར་བརྗོད་མཁན་བྱུང༌། ད་ཕན་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་པར་དོན་ཕན་མ་བྱུང་བས། ད་ཆ་རྒྱལ་སྤྱིའི་ཐོག་སྐད་ཆ་ཤོད་རྒྱུ་ལས། ཐབས་གཞན་མེད་སྟབས། ཨ་རིར་ཞི་བདེ་དོན་ཚན་ལྔ་ཞེས་པ་འདི་ཡོངས་བསྒྲགས་བྱས་ཏེ་བཤད་པ་ཡིན། དེའི་དོན་ཚན་ལྔ་པར་བོད་རྒྱ་གཉིས་མུ་མཐུད་སྐད་ཆ་ཤོད་ཀྱི་ཡིན་ཞེས་བཀོད་ཡོད། དེ་རྗེས་མ་འོངས་པར་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་རྒྱུ་རྩ་དོན་ལ་བཞག་ནས་བྱེད་ཕྱོགས་ཁྲིམས་དང་མཐུན་པའི་ཡིག་གཞིའི་ཐོག་བཀོད་དེ་ཕྱི་ལོ་ ༡༩༨༨ ལོར་ཡོ་རོབ་གྲོས་ཚོགས་ཐོག་གྲོས་འཆར་ཞིག་བཏོན་པ་ཡིན། དེ་གསལ་བསྒྲགས་མ་བྱས་གོང་ངོས་ཀྱི་དབུ་མའི་ལམ་འདི་ལ་རྒྱ་ནག་གཞུང་གིས་རྩ་བའི་མོས་མཐུན་བྱས་པ་ཡིན་ན། ཞིབ་ཕྲའི་ལས་དོན་བྱེད་ཕྱོགས་ང་ཚོ་གོ་བསྡུར་བྱས་ཏེ་ནང་དོན་ཡིག་ཆ་ཞིབ་ཕྲ་ཞིག་བཟོས་པ་བཅས་ལས་ཀའི་གོ་རིམ་སྒྲིག་སྟངས་དང༌། དབུ་མའི་ལམ་གྱི་རྩ་བའི་བསམ་བློ་འཁོར་སྟངས་དེ་ལྟར་ཡིན། ཞེས་བཀའ་སྩལ༎ ༎
དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
༄༅། །དབུ་མའི་ལམ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐུབ་པ་དང༌། བོད་རྒྱ་མི་རིགས་གཉིས་འདྲ་མཉམ་དང་གཅིག་ཕན་གཅིག་གྲོགས་ཀྱིས་བརྟན་ལྷིང་མཉམ་གནས་ཡོང་ཆེད་འདོན་གནང་མཛད་པའི་ཐབས་ལམ་ཞིག་དང་། བཙན་བྱོལ་བོད་གཞུང་མང་ནས་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་གོ་བསྡུར་རིམ་པར་བྱས་ཏེ་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན། དེ་ནི་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བའི་བོད་ཀྱི་ད་ལྟའི་གནས་བབ་ཁས་ལེན་མི་བྱེད་པ་དང༌། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད།
དབུ་མའི་ལམ་ནི་མཐའ་གཉིས་སུ་མ་ལྷུང་བའི་ལངས་ཕྱོགས་ཤིག་དང༌། དེས་འབྲེལ་ཡོད་ཕྱོགས་ཚང་མའི་དགོས་ངེས་ཀྱི་ཁེ་ཕན་རྣམས་འགན་ལེན་བྱེད་ཐུབ། དེ་ཡང་བོད་མིའི་ཕྱོགས་ནས་བརྗོད་ན། བོད་ཀྱི་ཆོས་དང་རིག་གཞུང༌། མི་རིགས་ཀྱི་ངོས་འཛིན་བཅས་མི་ཉམས་རྒྱུན་འཛིན་དང༌། སྲུང་སྐྱོབ་བྱེད་ཐུབ་པ་དང༌། རྒྱ་ཕྱོགས་ནས་བརྗོད་ན། རྒྱལ་ཁབ་ཀྱི་བདེ་འཇགས་དང༌། མངའ་ཁོངས་གོང་བུ་གཅིག་བསྒྲིལ་སྲུང་སྐྱོབ་བྱེད་ཐུབ་པ། དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཕྱོགས་གསུམ་པས་བརྗོད་ན། ས་མཚམས་ཁག་ཏུ་ཞི་བདེ་ལྷིང་འཇགས་དང༌། རྒྱལ་སྤྱིའི་འབྲེལ་ལམ་ཁག་ཞི་བའི་སྒོ་ནས་བྱེད་ཐུབ་པ་ཡོང་རྒྱུ།
དེ་ལྟ་བུའི་དབུ་མའི་ལམ་གྱི་བྱུང་རིམ་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྔ་མོ་ནས་དགོངས་པར་འཁོར་ཡོད་ཀྱང༌། དེ་འཕྲལ་བརྒྱ་ཁ་གཅིག་གཅོད་ཀྱིས་ཐག་གཅོད་མ་གནང་བར་ལོ་རབས་བདུན་ཅུ་པའི་འགོ་སྟོད་ཙམ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང༌། བཀའ་ཤག འབྲེལ་ཆགས་མཁྱེན་རྒྱ་ཡངས་པའི་ཤེས་མྱོང་ཅན་མང་པོར་བཀའ་བསྡུར་དང༌། དགོངས་འཆར་བསྡུ་བཞེས་རིམ་པར་གནང་ཡོད་པ་ལྟར། ཕྱི་ལོ་ ༡༩༧༩ ལོར་སྐབས་དེའི་རྒྱ་དམར་གྱི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་རང་བཙན་རྩོད་གླེང་མ་གནང་ན། དེ་མིན་གྱི་གནད་དོན་ཐམས་ཅད་གྲོས་མོལ་གྱི་ལམ་ནས་ཐག་གཅོད་གནང་ཆོག་ཅེས་དོན་སྙིང་ལྡན་པའི་གྲོས་འགོ་བཏོན་སྐབས། ྋགོང་ས་ྋསྐྱབས་མགོན་ཆེན་པོས་དེ་སྔོན་ནས་ཕན་ཚུན་གཉིས་སྨན་གྱི་དགོངས་བཞེས་གནང་བཞིན་པ་དང་གཅིག་མཐུན་ལྟ་བུ་བྱུང་སྟབས། དེ་འཕྲལ་མཐུན་ཕྱོགས་ཀྱི་བརྡ་ལན་གནང་སྟེ་བོད་རྒྱ་ཞི་མོལ་གནང་རྒྱུར་མོས་མཐུན་ཐག་གཅོད་མཛད་ཡོད། དེ་ཡང་སྐབས་དེའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། བཀའ་ཤག མཁྱེན་རྒྱ་ཡངས་པའི་མི་སྣ་བཅས་པར་བཀའ་བསྡུར་གནང་འོས་གནང་སྟེ། བབ་ལྷིང་བརྟན་གསུམ་གྱི་དགོངས་པ་གཏིང་ཟབ་བཞེས་ནས་ཐག་གཅོད་གནང་བ་ཞིག་ལས་གློ་བུར་དུ་བྱུང་བ་ཞིག་དང༌། ཡང་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་རྐྱང་གིས་ཐུགས་ཐག་བཅད་དེ་གཞུང་དང༌། མི་མང་ལ་བཙན་འགེལ་གནང་བ་མིན་པར་ཞིབ་ཕྲའི་བྱུང་རབས་ངེས་ཅན་ཡོད་པ་ཞིག་ཡིན།
དབུ་མའི་ལམ་ནི་མང་གཙོའི་ལམ་སྲོལ་ཐོག་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན།
ཕྱི་ལོ་ ༡༩༨༨ ཕྱི་ཟླ་ ༦ ཚེས་ ༡༥ ཉིན་སི་ཏྲས་སི་སྦག་ཏུ་ཡུ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་མ་གནང་གོང༌། བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ་ ༦ ཚེས་ ༦ ནས་ཉིན་བཞིའི་རིང་བོད་མི་མང་སྤྱི་འཐུས་རྣམ་པ་དང༌། བཀའ་བློན་རྣམ་པ། གཞུང་ཞབས། བོད་མིའི་སྡོད་སྒར་ཡོངས་རྫོགས་ཀྱི་ས་གནས་འགོ་འཛིན་དང་མི་མང་འཐུས་མི། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། བོད་ནས་གསར་དུ་འབྱོར་བའི་འཐུས་མི། དམིགས་བསལ་མགྲོན་འབོད་གནང་བའི་མི་སྣ་བཅས་ཡོད་པའི་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་ཐོག་གོ་བསྡུར་སྦྱང་བཤད་གནང་མཐར་ཚང་མས་གོང་གསལ་གྲོས་འཆར་ལ་མོས་མཐུན་རྒྱབ་སྐྱོར་ཞུས་ཡོད།
གྲོས་འཆར་བཏོན་ནས་དུན་ཡུན་ལོ་ཤས་ཕྱིན་ཡང་རྒྱ་གཞུང་ནས་བཟང་ཕྱོགས་ཀྱི་བརྡ་ལན་མ་བྱུང་བར་བརྟེན་སླར་ཡང་ཕྱི་ལོ་ ༡༩༩༦ དང་ ༡༩༩༧ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རྩ་དོན་བསྒྲུབ་ཕྱོགས་ཀྱི་ཐབས་ལམ་གང་ལེགས་བོད་རྒྱ་ཆེའི་མི་མང་གིས་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་དགོས་པའི་ལམ་སྟོན་ཕེབས་པ་བཞིན། སྔོན་འགྲོའི་བསམ་ཤོག་བསྡུ་ལེན་སྐབས་བསམ་ཤོག་བརྒྱ་ཆ་ ༦༤ བརྒལ་བས་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་དབུ་མའི་ལམ་དང༌། ཡང་ན་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན། དུས་ནས་དུས་སུ་ྋགོང་ས་མཆོག་གིས་ཐག་གཅོད་གང་གནང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསལ་བ་ལྟར། དེ་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༡༩༩༧ ཕྱི་ཟླ་ ༩ ཚེས་ ༡༨ ཉིན་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་སྙན་གསན་ཞུས་པར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༨ ཀྱི་གསུམ་བཅུའི་གསུང་འཕྲིན་ནང་༼ང་ཚོའི་འཐབ་རྩོད་ཀྱི་ལམ་ཕྱོགས་འགྱོད་པ་མེད་པ་ཞིག་ཡོང་ཐབས་སུ་ངོས་ནས་མང་མོས་འོས་བསྡུ་བྱ་རྒྱུའི་བསམ་འཆར་བཏོན་པ་དེ་སྐོར་ན་ནིང་བཙན་བྱོལ་དུ་ཡོད་པའི་བོད་མི་དང༌། དེ་བཞིན་བོད་ནང་གི་མི་མང་གི་བསམ་འཆར་གང་ཐུབ་བསྡུ་ལེན་བྱས་པ་དང༌། ཁོང་ཚོའི་བསམ་འཆར་ཇི་ལྟར་བྱུང་བའི་ནང་ནས་མང་མོས་གཞི་རྩར་བཞག་སྟེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཐོག་ནས་གྲོས་ཆོད་བཞག་པ་དེའི་ནང་མང་མོས་འོས་བསྡུའི་ཐོག་ནས་ཐག་བཅོད་བྱ་རྒྱུ་ཕྱིར་འཐེན་ཡོང་བ་དང༌། ངོས་ནས་གང་དགེའི་ཐག་གཅོད་བྱེད་དགོས་ཞེས་འཁོད་འདུག མི་མང་ནས་ངོས་ལ་རེ་བ་དང༌། ཡིད་ཆེས་བློས་འགེལ་དེ་ལྟ་བུ་བྱས་པ་ལ་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་འདི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང༌། ལག་ལེན་འཁེལ་ཐུབ་པ་ཞིག་ཡིན་པར་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད། ལམ་ཕྱོགས་འདིའི་ཐོག་ནས་བོད་མི་རིགས་ལ་མེད་དུ་མི་རུང་བའི་ཐོབ་ཐང་ཁག་ཡོང་བ་དང༌། རྒྱ་ནག་གིས་གལ་ཆེར་ལྟ་བའི་གཅིག་གྱུར་དང་བརྟན་ལྷིང་ལའང་ཕན་ཐོགས་ཡོང་ངེས་ཡིན་པར་བརྟེན། ངོས་ནས་ལམ་ཕྱོགས་འདིའི་ཐོག་ནས་མུ་མཐུད་རྒྱ་ནག་གི་འགོ་ཁྲིད་ཚོར་འབྲེལ་མཐུད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན།༽ ཞེས་གསུངས་པ་ལྟར། མི་མང་གི་བསམ་འཆར་དང༌། གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་ཡོད།། ༎