རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་།

Central For Middle Way Initiative

中间道路倡议中心

རྒྱ་ནག་གི་དཔལ་འབྱོར།

ལོ་རབས་བརྒྱད་ཅུ་ནས་བཟུང༌། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་མངོན་གསལ་གྱི་གྲུབ་འབྲས་ཐོབ་ཡོད་པ་དང༌།འཛམ་གླིང་གི་བཟོ་གྲྭ་ཟེར་བའི་མིང་ཐོགས། ༢༠༠༦ ཟླ་༤ ནང༌། སྲིད་བློན་ཝུན་ཅ་པའོ་ཡིས་ཁས་ལེན་བྱས་པ་ལྟར་ན། རྒྱ་ནག་གི་༢༠༠༦ ཟླ་༢ ཟླ་མཇུག་བར་གྱི་ཕྱི་དངུལ་གསོག་ཚད་ཨ་སྒོར་དུང་ཕྱུར་༨༥༣༧ ལ་སླེབས་ཏེ། འཛམ་གླིང་གི་ཕྱི་དངུལ་གསོག་ཚད་མཐོ་ཤོས་ཨང་དང་པོ་ཆགས་འདུག ༢༠༠༧ ལོར་ཕྱི་དངུལ་གསོག་ཚད་ཨ་སྒོར་དུང་ཕྱུར་༡༥༢༨༢ ལ་སླེབས་པ་དང་། GDP ཨ་སྒོར་དུང་ཕྱུར་༢༢༤༡༩ དང༌། དེའི་འཕར་ཚད་༡༡༤ ཟིན་ལ། མི་རེའི་ཆ་སྙོམས་ GDP ཨ་སྒོར་༢༤༥༤ སླེབས་ཡོད། འོན་ཀྱང་འཕེལ་རྒྱས་དེའི་རྒྱབ་ལོགས་སུ། ས་ཁུལ་བར་གྱི་འཕེལ་རྒྱས་དོ་སྙོམས་མེད་པ་དང་།

དབུལ་ཕྱུག་བར་ཁྱད་ཆེ་བ། ཞིང་གསུམ་(ཞིང་པ་དང་ཞིང་སྡེ། ཞིང་ལས།) གྱི་གནད་དོན་སོགས་དཀའ་ཉེན་འབུར་དུ་བཏོད་ཡོད། དེ་བཞིན་འཛུགས་སྐྲུན་ལས་གཞི་ལས་བསྐྱེད་པའི་མཁའ་རླུང་སྦགས་བཙོག་དང་། ས་རྒྱུ་བསླད་སྐྱོན། བྱང་རྒྱུད་ཀྱི་ས་འོག་ཆུའི་གསོག་ཚད་ཇེ་ཉུང་དུ་ཕྱིན་པ་སོགས་ནི་རྒྱ་ནག་ལ་དུས་ཡུན་རིང་པོར་འཕྲད་རྒྱུའི་ཁོར་ཡུག་ཉམས་ཆག་གི་དཀའ་ཉེན་ཡིན་ཞིང་། རྒྱ་ནག་གིས་རྒྱ་སྒོར་གྱི་ཛ་ཐང་རྐང་བཙུགས་ནས་དམའ་རུ་བཏང་སྟེ། དཔལ་འབྱོར་གོང་སྤེལ་གྱི་ཐབས་ཤེས་སུ་སྤྱོད་པ་དེར་དེང་སང་ཨ་རི་དང་ཡོ་རོབ་སོགས་ཀྱིས་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེས། ཕྱིར་ཚོང་ལ་ཤུགས་ཆེར་བརྟེན་པའི་རྒྱ་ནག་གི་དཔལ་འབྱོར་ལ་འགལ་རྐྱེན་འཕྲད་བཞིན་པ་དང་། རྒྱ་ནག་གི་དངུལ་ཁང་མ་ལག་བརྟན་པོ་མེད་པ་དེས ང་དཀའ་ཉེན་གསར་པ་སྤྲོད་སྲིད་པའི་བློ་དོགས་བྱེད་མཁན་ཡོད།

༢༠༠༦ ཟླ་༩ ཚེས་ཉིན། སྲིད་བློན་གཞོན་པ་ཅིན་ཕེ་ཡན་གྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་དགེ་སྐྱོན་གླེང་སྐབས། རྒྱ་ནག་ཏུ་མི་དུ་མི་འབོར་མང་བ་དང་། གཞི་རྐང་བརྟན་པོ་མེད་པ། འཕེལ་རྒྱས་དོ་མི་སྙོམས་པ་དང་། མི་རེའི་ཆ་སྙོམས་ GDP ད་དུང་འཛམ་གླིང་གི་མདུན་གྲས་བརྒྱ་ཐམ་པའི་རྗེས་སུ་ལུས་ཤིང་། (ཐོན་སྐྱེད་ཀྱི་རྒྱུ་སྤུས་དང་གྲུབ་ཆ། ཕན་ནུས་དང༌། ལག་རྩལ་ཀྱི་གནས་ཚད་རང་འཇགས་ཡོད་པ་གང་ཞིག མ་རྩ་དང་ངལ་རྩོལ་ནུས་ཤུགས་འབོར་ཆེར་གཏོང་བ་དང་།

གཞི་ཁྱོན་རྒྱ་བསྐྱེད་ཀྱིས། འཕེལ་རྒྱས་ཀྱི་གྲངས་ཐོ་ཙམ་གཙིགས་སུ་འཛིན་པའི་ Extensive economic growth )དཔལ་འབྱོར་འཕེལ་རྒྱས་འགྲོ་སྟངས་ལ་ད་དུང་ལེགས་བཅོས་བྱེད་ཐུབ་མེད་ལ། དཔལ་འབྱོར་གྱི་གྲུབ་ཚུལ་ཚད་མཐུན་མིན་པ་དང་། རང་སྟོབས་ཀྱིས་གསར་གཏོད་བྱེད་པའི་ནུས་པ་དམན་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་ཁུངས། ཁོར་ཡུག་གི་འགལ་ཟླ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པ་སོགས་བཤད་ཡོད།

༡) དཔལ་འབྱོར་འཕེལ་རྒྱས་ཀྱི་འཕོ་རིམ།

སློབ་དཔོན་ཆེན་མོ་ཀྲའོ་ཏེ་ཧྲིན་གྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རིམ་དུས་ཚིགས་བཞིར་དབྱེ་ཡོད་པ་སྟེ།

༡། དུས་ཚིགས་དང་པོ། (༡༩༤༩_༥༦) ཐོན་སྐྱེད་བསྐྱར་གསོ་དང་འཕེལ་རྒྱས་ཀྱི་བར་བརྒལ་དུས་ཚིགས།

༡༩༤༩ ཟླ་༡༠ ནས་༡༩༥༢ ལོ་བར། ་ཕྱེད་མི་སེར་སྤེལ་ཡུལ་དང༌། ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་དཔལ་

འབྱོར་རྣམ་པ་དེ་་དམངས་གཙོ་རིང་ལུགས་གསར་པའི་དཔལ་འབྱོར་རྣམ་པ་རུ་བསྒྱུར་ཐབས་བྱས་ཏེ། རྒྱ་ནག་གི་ཐོན་སྐྱེད་ནུས་ཤུགས་རི་འགོག་དམག་འཁྲུག་”མ་བྱུང་གོང་གི་ཆུ་ཚད་ལ་སླེབས་ཐུབ་ཡོད། ༡༩༥༣ ནས་༡༩༥༦ བར། ་དམངས་གཙོ་རིང་ལུགས་གསར་པའི་དཔལ་འབྱོར་རྣམ་པ་་དི་“སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་རྣམ་པ་རུ་བསྒྱུར་ཆེད། གཞི་རྒྱ་ཆེ་བའི་དཔལ་འབྱོར་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད།

༢། དུས་ཚིགས་གཉིས་པ། (༡༩༥༧_༦༦) ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཀྱི་དུས་ཚིགས།

༡༩༥༧ ནས་༡༩༦༠ བར། “དར་དམར་གསུམ་མངོན་དུ་འགྱུར་ཆེད། སུའུ་ལན་ནས་སྦྱངས་པའི་བྱེད་ཐབས་ཀྱིས་བཅོས་བསྒྱུར་བྱས་པས། གཡོན་གྱི་བསམ་བློའི་ལམ་སྟོན་དང་། ཉམས་མྱོང་མེད་པ་ལ་བརྟེན་ནས་ཕམ་ཉེས་སུ་ཕྱིན། ༡༩༦༡ནས་༡༩༦༦ བར། ་རིམ་པ་གསུམ་ལ་དབང་བ་དང་། རུ་ཁག་རྨང་གཞིར་འཇོག་ཟེར་བའི་དབང་བའི་ལམ་ལུགས་བྱུང་སྟེ།

དཔལ་འབྱོར་ལམ་ལུགས་བཅོས་བསྒྱུར་ལ་ཚོད་ལྟ་བྱས།

༣། དུས་ཚིགས་གསུམ་པ། (༡༩༦༧_༧༦) ༡༩༦༧ ནས་༡༩༧༡ བར། དཔལ་འབྱོར་བཅོས་སྒྲིག་གི་དུས་ཚིགས།

རིག་གནས་གསར་བརྗེ་ཆེན་པོའི་དུས་རིམ་ཐོག་མར་ནང་འཁྲུག་རྒྱ་ཁྱབ་ཏུ་བྱུང་སྟེ། དཔལ་འབྱོར་ཉམས་རྒུད་ཚབས་ཆེ་བྱུང༌། ༡༩༧༢ ནས་༡༩༧༦ བར། ཀྲོའུ་ཨིན་ལེ་དང་ཏིན་ ན་གྱིས་དཔལ་འབྱོར་བཅོས་སྒྲིག་གི་གཙོ་འགན་བླངས་ཏེ། ཡར་རྒྱས་ཀྱི་རྣམ་པ་མངོན།

༤། དུས་ཚིགས་བཞི་བ། ༡༩༧༧ ནས་༡༩༧༨ བར། ་མི་བཞི་ཤོག་ཁག་”ཕམ་པར་བརྒྱབ་སྟེ། གཡོན་གྱི་བསམ་བློར་དག་ཐེར་བྱེད་པའི་དུས་ཚིགས།

༡༩༧༩ ནས་༡༩༨༢ བར། ་དེང་རབས་ཅན་བཞི”ཡི་དམིགས་ཚད་བཏོན་པ་དང་། ་ལེགས་སྒྲིག བཅོས་བསྒྱུར།

དག་ཐེར། མཐོར་འདེགས་་བཅས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཐབས་བསྟན། ༡༩༨༣ རྗེས། ་རང་ཉིད་ཀྱི་ལམ་ལ་བསྐྱོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཞེས་ཏང་གི་ཚོགས་ཆེན་བཅུ་གཉིས་པའི་སྟེང་གཏན་འབེབས་བྱས་པའི་འཐབ་ཇུས་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་དམིགས་ཡུལ་དུ་བཟུང་སྟེ། བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རིམ་གསར་བར་སླེབས་ཡོད།

བོད་ཀྱི་ས་ཁུལ་མང་དག་ཅིག་དུས་ཚིགས་དང་པོའི་སྐབས་ད་དུང་“བཅིངས་འགྲོལ་”གྱི་དུས་རིམ་ལ་འཁེལ་བས། དགར་སྟངས་འདི་ཏག་ཏག་ཅིག་འཇུག་མི་ཐུབ་ལ། ༡༩༥༩ ལོའི་གསུམ་བཅུ་དོན་རྐྱེན་རྗེས་ཀྱི་དུས་ཚིགས་གསུམ་བཞི་གཉིས་བོད་ལའང་ཡོངས་ཁྱབ་ཏུ་སྦྱར་རུང་།

༢) “འཛམ་གླིང་གི་བཟོ་གྲྭ།

རྒྱ་ནག་ལ་“འཛམ་གླིང་གི་བཟོ་གྲྭ་”ཞེས་པའི་མིང་འདི་ཉི་ཧོང་གི་གཞུང་འབྲེལ་རྒྱབ་ཤ་དཀར་པོའི་དེབ་ཅིག་ལས་བྱུང་བ་དང༌། རྒྱ་ནག་གི་མཁས་པ་ཚོས་ཤོད་སྟངས་འདིར་ཁས་ལེན་མི་བྱེད་པ་མ་ཟད། འདི་ནི་ནུབ་ཕྱོགས་རྒྱ་རྒོལ་སྟོབས་ཤུགས་ཚོས་རྒྱ་ནག་དར་འཕེལ་དུ་ཕྱིན་པ་དེས་འཛམ་གླིང་ ན་ཁ་བཟོ་སྲིད་པའི་གླེང་ཕྱོགས་ཤིག་ཆེད་དུ་སྒྲོག་བཞིན་པ་དེ་ལས་མཆེད་ཚུལ་གྱི་སྐྱོན་བརྗོད་བྱེད་བཞིན་ཡོད།

༢༠༠༤ ཟླ་༤ ནང༌། www.china.com དྲ་གནས་ཐོག་འཛམ་གླིང་གི་བཟོ་གྲྭ་ནི་ད་དུང་རྒྱ་ནག་དང་བར་ཁྱད་ཧ་ཅང་ཆེ་”ཟེར་བའི་ཆེད་སྒྲིག་ལེ་ཚན་ཞིག་བཟོས་པ་དང་། ལོ་དེར་“པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་”སུ་ཚོགས་ཞུགས་བྱེད་མཁན་ཚོར་བཅར་འདྲིའི་ལམ་ནས་རྩོམ་ཡིག་འགོད་སྤེལ་བྱས་འདུག

“རྒྱ་ནག་བཅོས་བསྒྱུར་སྒོ་འབྱེད་གླེང་སྟེགས་”ཀྱི་འགན་འཛིན་ཀྲིན་པི་ཅན་གྱིས། རྒྱ་ནག་ལ་འཛམ་གླིང་རིམ་པའི་བཟོ་སྐྲུན་རྟེན་གཞི་གསུམ་ཙམ་ཡོད་རུང་། བཟོ་སྐྲུན་ལས་རིགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་བགྲང་མི་འོས། གྲངས་ཐོ་གཞིར་བཟུང་ཚེ། རྒྱ་ནག་གི་བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་འབབ་དེས་འཛམ་གླིང་ཁྲོམ་རའི་བརྒྱ་ཆའི་༥ ལས་ཟིན་མེད་པ་དང་།

ཉི་ཧོང་གིས་བརྒྱ་ཆའི་༡༥ དང༌། ཨ་རིས་བརྒྱ་ཆའི་༢༠ ཟིན་ཡོད་ཅེས་བཤད་འདུག

པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་དྲུང་ཆེ་ལུང་ཡུན་ཐུའུ་ཡིས། རྒྱ་ནག་དེ་འཛམ་གླིང་གི་བཟོ་གྲྭ་མིན་པའི་སྒྲུབ་

བྱེད་མང་དག་ཅིག་བཀོད་དེ། རྒྱ་ནག་གི་བཟོ་སྐྲུན་ལས་རིགས་ནི་འཛམ་གླིང་བཟོ་སྐྲུན་ཐོན་སྐྱེད་མ་ལག་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་པ་དང་། དེ་ནི་བཟོ་གྲྭའི་འཁོར་ཁང་ཞིག་ལས་མིན། འཛམ་གླིང་གི་བཟོ་གྲྭ་དེ་ཉི་ཧོང་ནས་ལྷོ་ཀོ་རི་ཡ་དང་། ལྷོ་ཀོ་རི་ཡ་ནས་རྒྱ་ནག རྒྱ་ནག་ནས་མ་ལེ་ཤི་ཡ་བར་དང༌། དེ་ནས་ད་དུང་རྒྱལ་ཁབ་གཞན་དག་བར་དུ་རྒྱལ་མཚམས་བརྒལ་བའི་ཁེ་ལས་སྡེ་ཚན་གྱི་ཐོན་སྐྱེད་མ་ལག་གིས་གྲུབ་པར་བྱས་ལུགས་སོགས་འགྲེལ་བརྗོད་བྱས་ཡོད།

༣) “འཛམ་གླིང་གི་ལས་སྣོན་རྒྱལ་ཁབ་ཆེན་པོ།

རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཧྲི་གདབྱང་ཧྲུའུ་ཙི་ཡིས། རྒྱ་ནག་འདི་ད་ལྟའི་ཆར་“འཛམ་གླིང་གི་ལས་སྣོན་རྒྱལ་ཁབ་ཆེན་པོ་ཞིག་ཏུ་བགྲང་ན་ལས། ད་དུང་“བཟོ་སྐྲུན་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་མིན་ཞེས་སྡོམ་ཚིག་བཀོད་ཡོད། དེ་བཞིན་ཡོན་ཧྲི་ཁྲིན་ཀེན་ཏུང་གིས། ནུས་ཤུགས་རིག་པ་ནི་བཟོ་སྐྲུན་སྒྲིག་བཀོད་ལས་རིགས་དང་འབྲེལ་བ་ཟབ་ཤོས་ཀྱི་རིག་ཚན་ཞིག་ཡིན་ལ། འཛམ་གླིང་ནུས་ཤུགས་རིག་པའི་རྩེ་ཕུད་ཁྱད་མཁས་པ་བརྒྱ་ཆའི་༥༠ ལྷག་རྒྱ་ནག་ནས་ཡོང་མཁན་ཞེ་ཅིག་ཡིན་པ་དང་། ཁྱད་མཁས་པ་དེ་དག་རྒྱ་ནག་གི་མཐོ་སློབ་ཐོན་རྗེས། ཕྱི་རྒྱལ་དུ་སློབ་སྦྱོང་ལ་བསྐྱོད་དེ། དེང་སང་ཨ་རི་དང་ཇར་མན་སོགས་སུ་ལས་ཀ་བྱེད་བཞིན་ཡོད་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་གོང་མཐོར་གཏོང་དགོས་ན། ལག་རྩལ་ཡར་རྒྱས་

ལས་གཞན། ད་དུང་ལམ་ལུགས་དང་སྒྲིག་སྲོལ། སྤྱི་ཚོགས་ཀྱི་གཞི་རིམ་གནས་སྟངས་སོགས་ལའང་རག་ལས་ཡོད་ལུགས་བརྗོད་འདུག

དྲ་གནས་དེའི་ནང་དུ་བཀོད་པ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་གནས་སྟངས་དེར་དཔལ་འབྱོར་རིག་པའི་རྒྱུན་སྲོལ་དང་མི་མཐུན་པའི་སྣང་ཚུལ་ཁྱད་མཚར་བཞི་ཡོད་པ་སྟེ། ཐོན་སྐྱེད་འཕར་ཚད་མཐོ་བ་དང་ལས་ཀ་ཤོར་ཚད་མཐོ་བ་བ་དུས་མཉམ་དུ་གནས་པ་དང་། རྒྱུན་བསྲིངས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་མ་རྐང་ཁྲོམ་རའི་གནས་སྟངས་རྒྱབ་འགལ་དུ་ཕྱིན་པ། དངུལ་ལོར་འགྲེམ་ཚད་ཉུང་ཡང་ས་ཁང་གི་རིན་གོང་མཐོ་བ་གཉིས་རྒྱབ་འགལ། དཔལ་འབྱོར་འཕེལ་ཚད་མགྱོགས་དྲགས་པ་དང་སྐྱེད་ཀ་ཧ་ཅང་ཉུང་དྲགས་པ་དུས་གཅིག་ཏུ་གནས་ཡོད།

༤) དཔལ་འབྱོར་དཀྱིལ་འཁོར་ཆེན་པོ་གསུམ།

ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་དང་། འབྲི་ཆུ་སྨད་རྒྱུད་ཀྱི་ཟུར་གསུམ་གླིང་། པོ་ཧེ་མཚོ་འགག་མཐའ་སྐོར་གྱི་དཔལ་འབྱོར་དཀྱིལ་འཁོར་གསུམ་ནི་རྒྱ་ནག་གི་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་ཆེ་ཤོས་གསུམ་ཡིན་པ་དང༌། དེའི་ཁྲོད་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་ནི་ཕྱིར་ཚོང་གཙོ་བོར་དམིགས་པའི་ཁེ་ལས་འབྲིང་ཆུང་རིགས་དར་ཆེ་ལ། འབྲི་ཆུ་བཞུར་རྒྱུད་ཀྱི་ཟུར་གསུམ་གླིང་ནི་ནང་ཁུལ་དགོས་མཁོ་སྐོང་ཐབས་ལ་གཙོ་བོར་དམིགས་པའི་ཁེ་ལས་ཆེ་ཁག་འདུ་གནས་ཡིན།

༡། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་དཔལ་འབྱོར་དཀྱིལ་འཁོར་ནི། རྒྱ་ནག་གི་ལྷོ་རྒྱུད་དུ་ཆགས་པའི་ཀོང་ཏུང་ཞིང་ཆེན་གྱི་འཛིན་སྐྱོང་གྲོང་ཁྱེར་དགུ་དང༌། དམིགས་བསལ་འཛིན་སྐྱོང་ས་ཁུལ་ཧོང་ཀོང་དང་ཨའོ་མིན་གཉིས་བཅས་ལས་གྲུབ་པ་དང་། ས་ཁུལ་འདི་གསུམ་ཀྲུའུ་ཅང་གཙང་པོའི་བཞུར་རྒྱུད་དུ་གནས་པས་དེ་ལྟར་མིང་བཏགས། ཁུལ་འདིར་མིའི་ནུས་ཤུགས་ཕུན་སུམ་ཚོགས་པ་དང་། ས་མཚོ་གནམ་གསུམ་གྱི་འགྲིམ་འགྲུལ་སྟབས་བདེ་ལ། དངོས་ཟོག་འགྲོ་རྒྱུག་ཆེ་ཞིང༌། དཔལ་འབྱོར་དར་རྒྱས་མགྱོགས་པོ་ཡོད། ཀོང་ཏུང་གི་ཐོན་སྐྱེད་བཟོ་སྐྲུན་ནུས་ཤུགས་འཛོམས་པོ་ཡོད་པ་དེ་དང༌། ཧོང་ཀོང་ལ་འཛམ་གླིང་རིམ་པའི་ཞབས་ཞུ་ལས་རིགས་ཀྱི་ཉམས་མྱོང་ལྡན་པ་གཅིག་ཕན་གཅིག་གྲོགས་ཡིན་ཞིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་

གླིང་གི་བྱང་རྒྱུད་དུ་རིན་གོང་ཧ་ཅང་དམའ་བའི་བཟོ་སྐྲུན་ལྟེ་གནས་ཆགས་པ་དང་། ལྷོ་རྒྱུད་དུ་རྒྱལ་སྤྱི་ཅན་གྱི་ཆེད་ལས་ཞབས་ཞུ་སྡེ་ཚན་ཡོད་པས། སྐྱེལ་འདྲེན་དང་འགྲིམ་འགྲུལ་གྱི་མཐུན་རྐྱེན་ལ་བརྟེན་ནས། རྒྱལ་སྤྱིའི་དངོས་ཟོག་འགྲོ་རྒྱུག་གི་དྲ་བ་དང་སྦྲེལ་མཐུད་བྱེད་བཞིན་ཡོད།

སྤྱི་ལོ་༢༠༠༨ ཟླ་༨

ཚེས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། གོམ་གང་མདུན་སྤོས་ཀྱིས་ཀྲུའུ་ཅང་ཟུར་གསུམ་གླིང་ས་ཁུལ་གྱི་བཅོས་བསྒྱུར་སྒོ་འབྱེད་དང༌། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐུལ་འདེད་གཏོང་བའི་ལམ་སྟོན་བསམ་ཚུལ་ཟེར་བའི་ཡིག་ཆ་ཞིག་བཀྲམ་སྟེ། ས་ཁུལ་འདིའི་ཁྱབ་ཁོངས་དང༌། འཐབ་ཇུས་ཀྱི་གོ་གནས་བཅས་རྒྱལ་ཁབ་ཀྱི་འཆར་གཞིའི་ཁོངས་ངོས་ལེན་བྱས་ཡོད།

༢། འབྲི་ཆུ་སྨད་རྒྱུད་ཀྱི་ཟུར་གསུམ་གླིང་དཔལ་འབྱོར་དཀྱིལ་འཁོར་ནི། འབྲི་ཆུ་རྒྱ་མཚོར་འབབ་ཡུལ་གྱི་ཉེ་སྐོར་ས་ཆ་དེ་དག་ལ་ཟེར་ཞིང་། འབྲི་ཆུས་ཁྱེར་པའི་བྱེ་འདམ་སོགས་རིམ་བསགས་ཀྱིས། ས་དབྱིབས་དམའ་བའི་སྐམ་ས་ཟུར་གསུམ་མ་ལྟ་བུ་ཆགས་པའི་ཡུལ་དེ་དག་ཡིན། བཟོ་ལས་དཔལ་འབྱོར་གྱི་གོ་དོན་འཇོག་སྟངས་ལྟར་ན། ཧྲང་ཧེ་གཙོ་བོར་བྱས་པའི་ཅང་སུའུ་དབུས་ལྷོ་ཁུལ་དང༌། ཀྲེ་ཅང་ཤར་བྱང་ཁུལ་ལ་ཟེར་བ་དང་། གྲོང་ཁྱེར་དཔལ་འབྱོར་གྱི་གོ་དོན་འཇོག་སྟངས་ལྟར་ན།

ཅང་སུའུ་དང་ཀྲེ་ཅང་། ཧྲང་ཧེ་བཅས་དང་འདབས་འབྲེལ་བའི་གྲོང་ཁྱེར་༡༧ ལས་གྲུབ་པའི་གྲོང་ཁྱེར་ཚོམ་བུ་དེར་ཟེར་གྱི་ཡོད།

འདི་ནི་རྒྱ་ནག་གི་སྣ་འཛོམས་རང་བཞིན་གྱི་གྲོང་ཁྱེར་ཐོན་ལས་ཀྱི་རྟེན་གཞི་ཆེ་ཤོས་དེ་ཡིན་པ་དང་། རྒྱ་ནག་གི་གྲོང་ཁྱེར་དང་གྲོང་བརྡལ་གྱི་བཟོ་ལས་ཅན་གྱི་ཆུ་ཚད་མཐོ་ལ།ཤེས་འཇོན་ལྡན་པའི་མིའི་ནུས་པ་དང་།སློབ་གསོ་དང་ཚན་རིག་ལག་རྩལ་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་།གྲོང་དང་གྲོང་བརྡལ་གྱི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚུད་ཀྱང་རྒྱ་ནག་ཏུ་ཡག་ཤོས་ཀྱི་གྲས་ཡིན།

༣།   པོ་ཧེ་མཚོ་འགག་མཐའ་སྐོར་གྱི་དཔལ་འབྱོར་དཀྱིལ་འཁོར་ནི།པོ་ཧེ་མཚོ་འགག་མཐའ་སྐོར་ས་གནས་ཁག་ལས་གྲུབ་པའི་དཔལ་འབྱོར་ས་ཁོངས་ལ་ཟེར་ཞིང་།སྒྲ་དོག་པའི་དབང་དུ་བྱས་ན།པེ་ཅིང་དང་ཐེན་ཅིན།ཧོ་པེ་བཅས་ཀྱི་གྲོང་ཁྱེར་ཚོམ་བུ་དང་།ཧྲན་ཏུང་ཕྱེད་གླིང་དང་ལེའོ་ཏུང་ཕྱེད་གླིང་གི་གྲོང་ཁྱེར་ཚོམ་བུ་ལས་གྲུབ་པའི་དཔལ་འབྱོར་ས་ཁོངས་ལ་གོ་བ་དང་།སྒྲ་ཡངས་འཇུག་གི་དབང་དུ་བྱས་ན།ནང་སོག་དབུས་རྒྱུད་དང་ཧྲན་ཞི་ནུབ་རྒྱུད་ཀྱང་དེའི་ཁོངས་སུ་གཏོགས་པ་ཡིན།དཀྱིལ་འཁོར་འདིའི་ཁྱད་ཆོས་གཙོ་བོ་ནི།རྒྱ་ནག་གི་བཟོ་ལས་རྔམས་མཐུག་ས་དང་།གྲོང་ཁྱེར་ཆེ་ཁག་ཚོམ་བུར་བཀོད་པའི་ས་ཁུལ་ཞིག་སྟེ།འཛུགས་སྐྲུནགྱི་ལས་གཞི་མགོ་འཛུགས་དེ་ཙམ་སྔ་བོ་མེད་པ་དང་།དཔལ་འབྱོར་གྱི་འཕེལ་ཚད་ཀྱང་དཀྱིལ་འཁོར་སྔ་མ་གཉིས་དང་བསྡུར་ན་ཅུང་ཟད་རྗེས་ལུས་ཡིན་ཡང་།ཨེ་ཤ་་ཡ་དང་ཡོ་རོབ་སམ་ས་ཆེན་མོ་གཉིས་སྦྲེལ་བྱེད་རྒྱ་ནག་ཤར་རྒྱུད་ཀྱི་མགོ་འཛུགས་ས་དེ་ཡིན་པས།འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེ་བར་བཤད།

༥)  དཔལ་འབྱོར་ས་བཅད་ཆེན་པོ་བཞི།

རྒྱ་ནག་གི་ས་ཁོངས་ཧྲིལ་པོ་དཔལ་འབྱོར་གྱི་ས་བཅད་བཞིར་དབྱེ་སྲོལ་ཞིག་ཡོད་པ་དང་།དེ་དག་དབར་འཕེལ་རྒྱས་དོ་སྙོམས་མེད་པའི་གནས་སྟངས་ཧ་ཅང་མངོན་གསལ་ཡིན།རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཡོང་འབབ་ནས་བལྟས་ཚེ།ནུབ་ཁུལ་དང་།དབུས་ཁུལ།ཤར་བྱང་ཁུལ་བཅས་ཀྱི་མི་རེའི་ཆ་སྙོམས་དེ་སོ་སོར་རིམ་པ་བཞིན་ཤར་ཕྱོགས་ས་ཁུལ་གྱི་བརྒྱ་ཆའི་༣༨དང་།༤༥།༧༡ཙམ་ལས་ཟིན་མེད།ནུབ་ཁུལ་རྗེས་ལུས་ཀྱི་ན་ཚ་དང་།དབུས་ཁུལ་རྡིབ་འགྲིབ་ཀྱི་ན་ཚ། ཤར་བྱང་“ཉམས་ཆག་གི་ན་ཚ།། ཤར་ཕྱོགས་་སྐྲང་སྦོས་ཀྱི་ན་ཚ་”ཁག་གསོ་བཅོས་བྱེད་མ་ཐུབ་ཚེ། རྒྱ་ནག་བརྟན་ལྷིང་གི་སྲོག་ལ་ཉེན་ཁ་ཡོང་རྒྱུའི་བློ་འཚབ་བྱེད་ཀྱི་ཡོད།

༢༠༠༦ ལོའི་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་༡༡ པའི་ནང་། གཙོ་གནད་དོན་ཚན་དྲུག་ཡོད་པའི་ལྔ་བར་“ས་ཁོངས་འཚམ་སྙོམས་ངང་འཕེལ་རྒྱས་ལ་སྐུལ་འདེད་”ཅེས་བཀོད་འདུག་པ་དང་། ནུབ་རྒྱུད་གསར་སྤེལ་མུ་མཐུད་སྤེལ་རྒྱུ་དང་།

ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་གྲས་ཁག་བསྐྱར་གསོ། དབུས་རྒྱུད་ས་ཁུལ་འབུར་ལངས་ལ་སྐུལ་འདེད། ཤར་རྒྱུད་ས་ཁུལ་སྔོན་ལ་འཕེལ་རྒྱས་འགྲོ་བར་སྐུལ་སློང་གི་བྱེད་ཐབས་བསྟན་ཡོད། འདི་ནི་རྒྱ་ནག་དབུས་གཞུང་གིས་ཐེངས་དང་པོར་ས་ཁོངས་ཆེན་པོ་བཞིའི་འཕེལ་རྒྱས་ཁ་ཕྱོགས་བསྟན་པ་ཞིག་ཡིན།

༡། ནུབ་ཁུལ་གསར་སྤེལ་གྱི་༤༦༡ ལས་གཞི། སྐབས་འདིའི་༤ ནི་དཔལ་འབྱོར་ས་ཁོངས་བཞི་སྟེ། ཁྲིན་ཏུའུ་

དང་ཁྲུང་ཆིན་གཉིས་ལས་གྲུབ་པའི་ཁྲིན་ཡུས་དཔལ་འབྱོར་ས་ཁོངས་དང་། ཧྲའན་ཞིའི་ཀོན་ཀྲུང་། ཐོན་ཁུངས་དམིགས་བསལ་ས་ཁུལ། ཡན་པེན་དང་རྒྱ་མཚོར་བརྒྱུད་ནས་འབྲེལ་བའི་འགག་སྒོ་བཅས་དཔལ་འབྱོར་ས་ཁོངས་བཅས་ཡིན། ༦ ནི་ཁྱད་ཆོས་ལྡན་པའི་ཐོན་ལས་དྲུག་སྟེ། རྡོ་སྣུམ་སྔོག་འདོན་དང་དེའི་ལས་སྣོན་བཟོ་སྐྲུན། གཏེར་ཁ་བཞུ་སྦྱངས་དང་དེའི་འཕྲོ་མཐུད་ཐོན་ལས། སྒྲིག་བཀོད་བཟོ་སྐྲུན། མཐོ་ཞིང་གསར་པའི་ལག་རྩལ་ལས་རིགས། ཞིང་ལས་ཞོར་གཏོགས་ཐོན་རྫས་ལས་སྣོན།

ཡུལ་སྐོར་ལས་རིགས་བཅས་ཡིན། ༡ ནི་ནུབ་རྒྱུད་ས་ཁུལ་དུ་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ཁེ་ལས་

ང་ཁེ་ལས་ཚོགས་སྡེ་བརྒྱ་ཙམ་ཆགས་ཐབས་བཅས་ལ་ཟེར་གྱི་ཡོད།

ཤར་བྱང་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་གྲས་ཁག་བསྐྱར་གསོ། འདི་ནི་༢༠༠༣ ཟླ་༡༢ ནང་མགོ་

བརྩམས་པ་ཞིག་ཡིན། ཏ་ལེན་དང་ཧྲིན་དབྱང༌། ཁྲང་ཁྲུན། ཅི་ལིན། ཧར་པིན། ཆི་ཆི་ཧར་སོགས་ཤར་བྱང་གི་གྲོང་ཁྱེར་ཆེ་གྲས་འདི་དག་ཏུ་དུས་རབས་བཅུ་དགུ་བའི་སྨད་ནས་འཛུགས་སྐྲུན་བྱས་པའི་རྒྱ་ནག་གི་ལྕི་བའི་བཟོ་ལས་ཀྱི་རྟེན་གཞི་མང་དག་ཅིག་ཡོད་མོད། ༡༩༧༨ ལོར་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ས་འདིས་ལྷོ་ཤར་ནང་བཞིན་ཕྱི་རྒྱལ་གྱི་མ་དངུལ་ཕོན་ཆེན་འགུག་ཐུབ་མེད་ཁར། དབུས་སྲིད་གཞུང་གིས་ཀྱང་ཡང་བའི་བཟོ་ལས་ཀྱི་འཕེལ་རྒྱས་གཙིགས་སུ་བཟུང་སྟབས། ཤར་བྱང་གི་ལྕི་བའི་བཟོ་ལས་ཁག་སྣང་མེད་དུ་བསྐྱུར་ཡོད། དེ་མིན། གཞི་རྒྱ་ཆེ་བའི་རྒྱལ་གཉེར་ཁེ་ལས་དེ་དག་གི་བསྡུར་ཚད་མཐོ་དྲགས་པ་དང་། ལས་བཟོ་བའི་བདེ་དོན་གྱི་ཁུར་བོ་ལྗིད་དྲགས་ཏེ། ཁེ་ལས་འགྲན་རྩོད་ཀྱི་ནུས་པ་ཤོར་ཡོད། འོན་ཀྱང་འདིར་སྲོལ་རྒྱུན་བཟོ་ལས་ཀྱི་རྨང་གཞི་ལེགས་པ་དང་། གཞུང་ལམ་དང་ལྕགས་ལམ། མཚོ་འགྲུལ་གྲུ་ཁ་མང་བས་འགྲིམ་འགྲུལ་

སྟབས་བདེ་བ་དང༌། ཆུ་ཤུགས་དང་གློག་ཤུགས་འཛོམས་ལ། ལག་རྩལ་བཟོ་བ་མང་ཞིང་། མང་ཚོགས་སྤྱི་ཡོངས་ཀྱི་ཤེས་ཡོན་སློབ་གསོའི་ཆུ་ཚད་མཐོ་བ་སོགས་ཀྱི་དགེ་མཚན་ཡོད། ས་འདིར་མི་འབོར་དུང་ཕྱུར་༡༠༧ ལྷག་ཡོད་ཅིང་། པོ་ཧེ་མཚོ་འགག་མཐའ་སྐོར་གྱི་དཔལ་འབྱོར་དཀྱིལ་འཁོར་དང་ས་འབྲེལ་ཡིན་པ་མ་ཟད། ཨུ་རུ་སི་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་དང་ཡང་འདབས་འབྲེལ་ཡོད། ༢༠༠༥ ལོར་ཤར་བྱང་གི་མ་བཅོས་རྡོ་སྣུམ་ཐོན་ཚད་རྒྱ་ནག་རྒྱལ་ཡོངས་ཀྱི་ལྔ་ཆའི་གཉིས་དང༌།

ཤིང་ཆ་ཐོན་ཚད་གཉིས་ཆའི་གཅིག་ཟིན་ཡོད།

༣) དབུས་རྒྱུད་ས་ཁུལ་འབུར་ལངས་ལ་སྐུལ་འདེད།

དབུས་རྒྱུད་ནི་རྒྱ་ནག་གི་མི་འབོར་འདུ་ཚོགས་ཆེ་ཤོས་དང་ཞིང་ལས་ཐོན་སྐྱེད་གཙོར་བྱས་པའི་ས་ཁུལ་ཞིག་ཡིན་ལ། འཕེལ་རྒྱས་མགྱོགས་ཚད་ཀྱི་ཆ་ནས་ནུབ་རྒྱུད་ལས་དལ་བ་དང༌། འཕེལ་རྒྱས་ཆུ་ཚད་ཀྱི་ཆ་ནས་ཤར་རྒྱུད་ལས་དམའ་སྟབས། དབུས་རྒྱུད་ཇིབ་འགྲིབ་ཅེས་པའི་ཤོད་སྲོལ་ཡོད། རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་སུ་ཞུགས་རྗེས། ཞིང་ལས་ཐད་ཕྱིའི་གནོན་ཤུགས་ཇེ་ཆེར་ཕྱིན་པ་དང་། ཅང་ཞི་དང་ཧུའུ་པེ། ཧུའུ་ནན། ཨན་ཧོས། ཧོ་ནན། ཧྲན་ཞི་སོགས་དབུས་རྒྱུད་ཀྱི་ཞིང་ཆེན་འདི་དག་ཏུ་“ཞིང་གསུམ་”གྱི་གནད་དོན་ཧ་ཅང་ཚབས་ཆེ་བ་ཡོད།

༤། ཤར་ཕྱོགས་འཕེལ་རྒྱས་ཇེ་མགྱོགས།

༢༠༠༥ ལོར། ཅང་ཞི་དང་ཧུའུ་ནན། ཧྥུ་ཅན། ཀོང་ཏུང་། ཀོང་ཞི། ཧེ་ནན། སི་ཁྲོན། ཀོས་ཀྲོའུ། ཡུན་ནན་

བཅས་ཞིང་ཆེན་དགུ་དང་། དེའི་སྟེང་ཧོང་ཀོང་དང་ཨའོ་མིན་བསྣན་པའི་“ཀྲུའུ་ཅང་ཟུར་གསུམ་གླིང་ས་ཁོངས་དཔལ་འབྱོར་མཉམ་འབྲེལ་་དངོས་སུ་མགོ་ཚུགས་པ་དང་། དེར་༩,༢ ཞེས་འབོད། དེ་བཞིན་དུ་ཅང་སུའུ་དང་ཀྲེ་ཅང་། ཧྲང་ཧེ་བཅས་ལས་གྲུབ་པའི་“འབྲི་ཆུ་ཟུར་གསུམ་གླིང་ས་ཁུལ་”གྱི་མཉམ་འབྲེལ་ཡང་ཉིན་རེ་བཞིན་ཇེ་དམ་དུ་འགྲོ་མུས། འདི་དག་གིས་རྒྱ་ནག་གི་འཛིན་སྐྱོང་ས་ཁོངས་བཅད་བགོས་ཀྱི་རྒྱ་ལས་བརྒལ་ཏེ། སོ་སོའི་འཕེལ་རྒྱས་ཀྱི་དམིགས་ཚད་འགྲུབ་ཕྱིར་མཉམ་འབྲེལ་གྱི་ཐབས་ལམ་གསར་པ་བསྟེན་ཡོད་ལ། འགྲིམ་འགྲུལ་འཆར་འགོད་དང་། ཐོན་ལས་བཀོད་སྒྲིག་སོགས་ཀྱི་ཐད་ཕུང་པོ་གཅིག་ཏུ་བཟུང་ཡོད།

རྒྱ་ནག་དབུས་གཞུང་གི་ལས་བསྡོམས་ནས་ཤེས་ཐུབ་པ་ནི། ཤར་ཕྱོགས་ས་ཁུལ་མུ་མཐུད་ཡར་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུའི་དབུས་གཞུང་གི་སྲིད་ཇུས་དེ་ད་དུང་རྒྱུན་མཐུད་བཞིན་ཡོད་ཅིང་། དབུས་དང་ནུབ་རྒྱུད་ལ་རོགས་རམ་ཟེར་བའི་ཤོད་སྟངས་དེར་དོན་དམ་གྱི་ནང་སྙིང་ཅི་ཞིག་ཡོད་མེད་ད་དུང་རྟོགས་དཀའ།

༥) རྡོ་སྣུམ་འཕྲོག་རྩོད།

༢༠༠༤ ལོར། རྒྱ་ནག་གི་རྡོ་སྣུམ་འཛད་སྤྱོད་བྱེད་ཚད་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང༌། ༢༠༠༥ ལོའི་མ་བཅོས་རྡོ་སྣུམ་ནང་འདྲེན་བྱེད་ཚད་ཊོན་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་དྲུག་ལྷག་ཟིན་པ་དང་། རྡོ་སྣུམ་ཕྱི་རྒྱལ་ལ་བརྟེན་ཚད་བརྒྱ་ཆའི་༤༤ ཟིན། (༢༠༢༠ ལོར་བརྒྱ་ཆའི་༦༠ སླེབས་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད།) རྒྱ་ནག་གི་རྡོ་སྣུམ་འཐབ་ཇུས་ནི། ཕྱི་རྒྱལ་ནས་ཚོང་འབྲེལ་ལ་བརྟེན་པའི་ཐད་ཀར་ནང་འདྲེན་དང་། ཕྱི་རྒྱལ་གྱི་སྣུམ་གཏེར་དང་རྡོ་སྣུམ་ཁེ་ལས་ཀྱི་མ་རྐང་ཉོས་ཏེ། དེའི་གྲངས་འབོར་ལ་གཞིགས་པའི་རྡོ་སྣུམ་ཐོབ་ཐབས་བཅས་ཀྱི་བྱེད་ཐབས་གཉིས་ཡིན་པ་དང་། ཕྱོགས་བཞི་ནས་སྣུམ་ལམ་གཏོད་ཐབས་ལ་བལྟས་ན། བྱང་དུ་ཨུ་རུ་སིའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོབ་ཐབས་སུ། ༢༠༠༤ ནས་མགོ་ཚུགས་པའི་ཨ་རུ་སིའི་སྣུམ་འདྲེན་སྦུག་ལམ་དེ་ད་ལོར་མཇུག་སྒྲིལ་འཆར་ཡོད་པ་དང་། དེ་ནས་ལོ་རེར་རྡོ་སྣུམ་ཊོན་བྱེ་བ་བརྒྱད་ལྷག་གཏོང་འཆར་ཡོད། རྒྱ་ནག་གིས་སྦུག་ལམ་དེའི་ཡན་ལག་ཏའེ་ཤེཊ་ནས་ན་ཁོད་ཀ་Trayshet=Nakhodka)བར་ཐད་ཀར་རྡོ་སྣུམ་ཊོན་བྱེ་བ་གསུམ་རེ་འདྲེན་ཐུབ་པ་དང་། བྱེ་བ་ལྔ་ཙམ་ན་ཁོད་ཀ་ནས་མཚོ་འགྲུལ་བརྒྱུད་ཉི་ཧོང་དུ་དབོར་རྒྱུ་རེད།

རྒྱ་ནག་གི་རྡོ་སྣུམ་ནང་འདྲེན་གྱི་ལྔ་ཆའི་བཞི་ཙམ་མ་ལིའུ་ཅ་( straits ofMalacca)མཚོ་འགག་བརྒྱུད་ནས་ཡོང་གི་ཡོད། ཉེ་བའི་ལོ་ཤས་རིང་རྒྱ་ནག་གིས་ལྷོ་མཚོའི་་དམག་ཤུགས་རྒྱ་ཆངakna བསྐྱེད་བྱས་ཏེ། ནན་ཧྲ་གླིང་ཚོམ་ཁ་ཤས་བདག་བཟུང་བྱས་པ་མ་ཟད། གྲུ་གཟིངས་དམག་དཔུང་རྒྱ་བསྐྱེད་བྱེད་བཞིན་པ་དང་། ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་དང་ཚོང་དོན་གྱི་མཛའ་འབྲེལ་བཙུགས་ཏེ། སྣུམ་ལམ་འདིའི་བདེ་འཇགས་ལ་མཐུན་རྐྱེན་སྐྲུན་བཞིན་ཡོད། མ་ལིའུ་ཅ་མཚོ་འགག་གི་སྣུམ་ལམ་གཅིག་པུར་བརྟེན་པའི་དཀའ་ཉེན་སེལ་སླད། རྒྱ་ནག་གིས་ད་དུང་ཐའེ་ལན་ལྷོ་རྒྱུད་མཚོ་འགྲམ་གྱི་སྐམ་མཚོ་གཉིས་ནས་རྡོ་སྣུམ་འདྲེན་གཏོང་གི་ལམ་ཁ་གསར་དུ་འཚོལ་བཞིན་པ་དང་། དབུས་ཤར་ཨེ་ཤ་ཡ་དང་བྱང་ཨ་ཧྥེ་རི་ཀའི་རྡོ་སྣུམ་རྒྱ་ནག་ཏུ་ཡོང་ས་འབར་མ་ནས་ཡུན་ནན་བར་གྱི་སྣུམ་འདྲེན་སྦུག་ལམ་ཞིག་ཀྱང་འཚོལ་ཞིབ་བྱེད་བཞིན་ཡོད།

ཤར་རྒྱུད་དུ་ཉི་ཧོང་དང་རྩོད་གཞི་ཆེ་བའི་རྒྱ་ནག་ཤར་མཚོའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་གསོག་ཡུལ་ས་ཁག་ལྔ་ཙམ་སྔོག་འདོན་གྱི་ལས་འཆར་ཡོད་ཅིང་། ཁེ་ན་ཊའི་ཨལ་བེར་ཏ་(Alberta)མངའ་སྡེའི་རྡོ་སྣུམ་སྔོག་འདོན་ལས་གཞིར་རྒྱ་ནག་རྡོ་སྣུམ་ཀུང་སི་(sinopec Group)ལ་མ་རྐང་བརྒྱ་ཆའི་༤༠ ཙམ་ཐོབ་ཡོད། ད་དུང་ཝེ་ནི་ཟོ་ལ་དང་། པེ་རུ། མེཀ་སེ་ཀོ། བྷརལ་ཟིལ། ཁུ་བྷ་སོགས་དབུས་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཁག་ལ་ཐོན་ཁུངས་མཉམ་འབྲེལ་གྱི་གྲོས་ཆོད་འདྲ་མིན་མང་དག་ཅིག་བཞག་ཡོད།

ནུབ་རྒྱུད་དུ་༢༠༠༦ ལོར་ཧ་སག་སི་ཐན་ནས་རྒྱ་ནག་བར་གྱི་སྣུམ་འདྲེན་སྦུག་ལམ་ནས་ལོ་རེར་རྡོ་སྣུམ་ཊོན་བྱེ་བ་གཉིས་ལྷག་འདྲེན་མགོ་ཚུགས་ཤིང་། དེའི་ནང་རྡོ་སྣུམ་ཕྱེད་ཀ་ཧ་སག་སི་ཐན་དང་། ཕྱེད་ཀ་ཨུ་རུ་སུ་ནས་འདྲེན་གྱིན་ཡོད། ༢༠༠༤ལོར་དབྱི་རན་གྱི་ཡ་ཏ་ཝ་རན་(Yadavaran oil fed)སྣུམ་གཏེར་གྱི་མ་རྐང་བརྒྱ་ཆའི་༥༡ རྒྱ་ནག་ལ་བཙོང་བ་དང་། མ་འོངས་ལོ་སུམ་ཅུའི་རིང་དབྱི་རན་ནས་རང་བྱུང་སོལ་རླངས་ཊོན་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ལྷག་ཉོ་རྒྱུའི་བརྗེད་བོར་མིང་རྟགས་བཀོད་ཡོད། སུའུ་ཏན་གྱི་རྡོ་སྣུམ་བཟོ་གྲྭ་ཆེ་ཤོས་ཀྱི་མ་རྐང་བརྒྱ་ཆའི་༤༠ ཙམ་རྒྱ་ནག་གིས་ཉོས་ཡོད་པ་དང་། དམག་འཁྲུག་རྒྱུན་ཆད་མེད་པར་འབྱུང་བཞིན་པའི་ཏ་ཝོར་ས་ཆའི་རྡོ་སྣུམ་ཕལ་མོ་ཆེ་ནག་གི་ལག་ཏུ་ཐོབ་ཡོད་ལ། སུའུ་ཏན་རྒྱལ་ཡོངས་ཀྱི་རྡོ་སྣུམ་གྱི་བརྒྱ་ཆའི་༧༠ རྒྱ་ནག་ཏུ་དབོར་གྱི་ཡོད།

༦) “ཞིང་གསུམ་གྱི་གནད་དོན།

༡༩༩༦ ལོར་དཔལ་འབྱོར་རིག་པའི་མཁས་པ་ཝུན་ཐེ་ཅུན་གྱིས་ཐ་སྙད་འདི་ཐོག་མར་བཏོན་རྗེས། གསར་འགྱུར་བརྒྱུད་ལམ་དང་གཞུང་ཕྱོགས་ནས་རིམ་གྱིས་བཀོལ་སྤྱོད་བྱས་པ་དང་། ༢༠༠༢ ལོར་ཧུའུ་པེ་ཞིང་ཆེན་གྱི་ཤང་ཏང་ཨུའི་ཧྲུའུ་ཅི་ལི་ཁྲང་ཕིན་ཟེར་བ་ཞིག་གིས་སྲིད་བློན་ཀྲུའུ་རུང་ཅི་ལ་་ཞིང་པ་དངོས་གནས་དཀའ་ཚེགས་ཆེ། ཞིང་སྡེ་དངོས་གནས་དབུལ་པོ་རེད། ཞིང་ལས་དངོས་འབྲེལ་ཉེན་ཁ་རེད་”ཅེས་་ཞིང་གསུམ་”གྱི་གནད་དོན་སྙན་ཞུ་ཕུལ་བས། ཐ་སྙད་དེ་སྤྱོད་སྒོ་ཇེ་ཆེར་ཕྱིན་པ་དང་། ༢༠༠༣ ལོར་དམུས་དམར་ཤོག་ཚོགས་པའི་ལས་བསྡོམས་སྙན་ཞུའི་ནང་བཀོད་ཡོད། རྒྱ་ནག་འཕྲོད་བསྟེན་བློན་ཆེན་གཞོན་པ་ཀྲུའུ་ཆིན་ཧྲིན་གྱིས་༢༠༠༥ ཟླ་༧ བཤད་པ་ལྟར་ན། དེང་སང་ཞིང་སྡེའི་ཞིང་པ་ཕྱེད་ཙམ་ཞིག་དངུལ་མེད་པ་ལ་བརྟེན་ནས་སྨན་ཁང་དུ་བསྟེན་གཏུགས་བྱེད་ཐུབ་ཀྱི་མེད་པ་དང༌། དབུས་དང་ནུབ་རྒྱུད་ཀྱི་ཞིང་པས་སྨན་པ་བསྟེན་མ་ཐུབ་པར་རང་ཁྱིམ་དུ་གྲོངས་མཁན་བརྒྱ་ཆའི་༦༠ ནས་༨༠ ཟིན་པར་ཁས་བླངས་ཡོད། ༢༠༠༦ ཟླ་༨ བར། རྒྱ་ནག་གི་ཞིང་སྡེ་ཉིས་ཁྲི་སུམ་སྟོང་ཙམ་གྱི་ཞིང་པ་བྱེ་བ་གསུམ་ལྷག་ལ་གློག་སྒྲོན་གྱི་མཐུན་རྐྱེན་མེད་ཚུལ་རྒྱ་ནག་གཞུང་འབྲེལ་གྱི་སྡོམ་རྩིས་ཡིག་ཆར་གསལ་འདུག

༡། “ཞིང་གསུམ་”གནད་དོན་གྱི་འབྱུང་རྐྱེན།

༡།༡ འཕེལ་རྒྱས་འགྲོ་ཚད་བཟོ་ཚོང་དང་ཞབས་ཞུ་ལས་རིགས་ལས་དལ་བ། ༡༩༧༨ ལོར་་ཐོན་སྐྱེད་འགན་གཙང་ལམ་ལུགས་”ལག་བསྟར་བྱས་ཏེ། མི་དམངས་ཀུང་ཧྲེ་ཐོར་ཞིག་ཏུ་ཕྱིན་པ་དང༌། རིམ་པས་ཐོན་ལས་ཅན་དུ་བསྐྱོད་དེ། འབྲུ་རིགས་ཡོད་ཀྱང་བཙོང་ས་མེད་པའི་སྣང་ཚུལ་ཞིག་ཆགས། ལོ་རབས་དགུ་བཅུའི་སྟོད་དུ། རྒྱ་ནག་གི་ཐོན་ལས་གཉིས་པ་དང་གསུམ་པ་གཉིས་འཕུར་མཆོངས་ལྟ་བུའི་འཕེལ་རྒྱས་ཕྱིན་ནའང་། ཐོན་ལས་དང་པོར་དེ་ལྟའི་འཕེལ་ཚད་མེད། ཞིང་པ་མང་པོ་ཞིག་འཚོ་ཚིས་ཀྱི་ཆེད་དུ་གྲོང་ཁྱེར་ནང་ལས་ཀ་འཚོལ་བར་བསྐྱོད་པར། གྲོང་ཁྱེར་དུ་ལས་ཞུགས་ཀྱི་གོ་སྐབས་འདང་ངེས་སྤྲོད་རྒྱུ་མེད་པས། ཞིང་སྡེའི་ཐོན་སྐྱེད་མར་ཆག་པ་དང༌། ཞིང་ལས་ཀྱི་མ་དངུལ་འཛུགས་ཚད་ཇེ་ཉུང་དུ་ཕྱིན། འོན་ཀྱང་ཞིང་པ་རྣམས་གྲོང་ཁྱེར་ནང་ཧོབ་ཚོད་ཀྱིས་བསྐྱོད་ཚད་ད་དུང་ཇེ་མང་དུ་སོང་བས། ཞིང་སྡེའི་དཀའ་ངལ་མུ་སྦྲེལ་ནས་རེས་འཁོར་བྱེད་བཞིན་ཡོད། དེང་སང་རྒྱ་ནག་གི་ཞིང་པའི་ཆ་སྙོམས་ཡོང་འབབ་དེ་གྲོང་ཁྱེར་སྡོད་དམངས་ཀྱི་སུམ་ཆའི་གཅིག་ལས་མེད།

རྒྱ་ནག་གི་དཔལ་འབྱོར།

༡།༢ ཞིང་སྡེའི་དཔོན་རིགས་མང་དྲགས་པ། རྒྱ་ནག་ཏུ་ཤང་དང་གྲོང་བརྡལ་སུམ་ཁྲི་བདུན་སྟོང་ལྷག་ཡོད་པ་དང༌།གྲོང་སྡེ་དྲུག་འབུམ་བཞི་ཁྲི་ལྷག་ཡོད། མི་དམངས་སྲིད་གྲོས་ཚགས་པར་》དུ་བཀོད་པ་ལྟར་ན། ༢༠༠༥ ལོར་ཤང་གྲོང་གི་ལས་བྱེད་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་ཡོད་པ་དང་། གྲོང་སྡེའི་ལས་བྱེད་ས་ཡ་དུ་མ་ཡོད་ལ། དེ་དག་གི་འགྲོ་སོང་ཁག་ཞིང་པའི་ཡོང་འབབ་ཀྱི་བརྒྱ་ཆའི་༤༠ ལྷག་ཟིན། ཏང་སྲིད་ཀྱི་ལས་བྱེད་འདི་རིགས་ཀྱིས་རྒྱས་སྤྲོས་ཀྱི་ལས་ཁུངས་གསར་རྒྱག་དང༌། གཞུང་ལམ་ཆེ་ཐག་ཆོད་འཛུགས་སྐྲུན་སོགས་རང་སྣང་གང་དྲན་དུ་བྱེད་ཀྱི་ཡོད། དངོས་གནས་བྱས་ན་ཤང་གྲོང་གྱི་ལས་བྱེད་འདི་དག་དངོས་ཡོད་དགོས་མཁོའི་གྲངས་འབོར་ལས་ལྡབ་གཉིས་སམ་གསུམ་ཙམ་འཐོལ་བ་ཆགས་ཡོད།

༡།༣ ཞིང་པའི་སྤུས་ཚད་དམའ་བ། རྒྱ་ནག་གི་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་རྒྱུར་ལོ་མང་རིང་ཁྲིམས་དང་སྲིད་ཇུས་རིམ་པར་ལག་བསྟར་བྱས་ཀྱང་། ད་དུང་ལམ་ལྷོངས་མི་ཡོང་ས་གཙོ་བོ་ཞིང་སྡེ་ཡིན་ལ། ཞིང་སྡེ་ནས་འཆར་ལྡན་བུ་སྐྱེའི་སྲིད་ཇུས་ལ་རྒྱབ་འགལ་གྱིས། “ཅི་ཙམ་དབུལ་ན་དེ་ཙམ་མང་པོ་སྐྱེ་བ་དང༌། ཅི་ཙམ་སྐྱེས་ན་དེ་ཙམ་གྱིས་དབུལ་བའི་”གནས་སུ་འགྲེ་ལོག་རྒྱག་བཞིན་ཡོད།

༡།༤ ཐེམ་ཐོ་ལམ་ལུགས་ཀྱི་གཉའ་གནོན། རྒྱ་གཞུང་གིས་རྒྱལ་དམངས་ཡོངས་རྫོགས་“གྲོང་ཁྱེར་ཐེམ་དུད་”དང་“གྲོང་གསེབ་ཐེམ་དུད་”གཉིས་སུ་བཀར་ཏེ། གྲོང་གསེབ་དེ་གྲོང་ཁྱེར་དང་བསྡུར་ན། ཆབ་སྲིད་ཀྱི་དབང་ཆ་དང་དཔལ་འབྱོར་གྱི་ཐོབ་ཐང་གང་ཐད་ནས་ཀྱང་ཁྱད་པར་ཆེན་པོ་ཡོད། ཞིང་པ་ཞིག་ཡིན་ཚེ། སྐྱེས་ནས་མ་ཤི་བར་དུ་ཁྲལ་འཇལ་དགོས། ལོ་རབས་བརྒྱད་ཅུའི་ནང་ཞིང་པ་གྲོང་ཁྱེར་དུ་བསྐྱོད་མགོ་ཚུགས་ཏེ། བཟོ་གྲྭ་དང་འཛུགས་སྐྲུན་ལས་གཞི་ཁག་ཏུ་ངལ་རྩོལ་བྱས་ཀྱང་། སྲིད་གཞུང་ནས་ཁོ་ཚོར་གྲོང་ཁྱེར་གྱི་ཐེམ་ཐོ་སྤྲད་མེད་པས། སྨན་བཅོས་དང་སློབ་གསོ། སྤྱི་ཚོགས་ཀྱི་བདེ་དོན་སོགས་གྲོང་ཁྱེར་དུ་སྡོད་མཁན་ལ་ཡོད་པའི་ཐོབ་ཐང་དེ་རིགས་རག་ཐབས་མེད། སྨན་བཅོས་ཀྱི་འགྲོ་སོང་རང་ངོས་ཐབས་འཚོལ་བྱེད་

དགོས་པ་དང༌། ཕྲུ་གུ་སློབ་གྲྭར་འཇུག་རྒྱུར་རོགས་དངུལ་འབོར་ཆེན་མ་སྤྲད་ན་མི་ཚུད་པ་མ་ཟད། སྦྱིན་བདག་སྤྱོད་ངན་ཚོས་ལས་གླ་དུས་ཐོག་དུ་མི་སྤྲོད་པའམ། ཟ་བཅག་འདྲ་མིན་གཏོང་བ། བཙན་ཤེད་ཀྱིས་དུས་ཚོད་ལས་བརྒལ་བ་དང་ཤུགས་ཚད་ལས་བརྒལ་བའི་ངལ་རྩོལ་སྐུལ་འདེད་བྱེད་པ་དང་། འུ་ཐུག་པའི་ཞིང་པ་ཚོས་རྐུ་ཇག་སོགས་ཁྲིམས་འགལ་གྱི་ཚོགས་པ་འཛུགས་མཁན་ཡང་བྱུང་ཡོད།

༢། རྒྱ་གཞུང་གི་བྱེད་ཐབས།

༢།༡ ཞིང་ལས་ཁྲལ་རིགས་རྩ་ཆག ༢༠༠༥ ལོའི་དམངས་འཐུས་ཚོགས་ཆེན་སྟེང་། “ཞིང་ལས་ཁྲལ་རིགས་ཀྱི་

སྲོལ་ཡིག་་རྩིས་མེད་དུ་བཏང་བའི་ཁྱབ་བསྒྲགས་བྱས། དེ་ནི་རྒྱ་ནག་གི་ལོ་རྒྱུས་སྟེང་ཞིང་པ་ལ་ཁྲལ་རིགས་རྩ་ཆག་བཏང་བ་ཐེངས་དང་པོ་དེ་ཡིན།རྒྱ་ནག་ལ་ལོ་གཅིག་གི་ཁྲལ་རིགས་སྤྱིའི་ཡོང་འབབ་རྒྱ་སྒོར་ཐེར་འབུམ་ཆིག་སྟོང་ཡས་མས་ཡོད་པ་དང་།ཞིང་ལས་ཁྲལ་རིགས་རྒྱ་སྒོར་དུང་ཕྱུར་བཞི་བརྒྱ་ཙམ་ཡོད།

༢།༢    ་ཞིང་སྡེའི་སློབ་གསོར་ཤུགས་སྣོན།༢༠༠༦ལོ་ནས་བཟུང་ལོ་གཉིས་རིང་།འོས་འགན་སློབ་གསོའི་དུས་རིམ་ནང་གྲོང་གསེབ་ཏུ་སློབ་ཡོན་དང་རྩག་རྩིག་གི་བསྡུ་ཆ་ཚང་མ་མེད་པར་བཟོ་རྒྱུ་ཡིན་ལུགས་ཁྱབ་བསྒྲགས་བྱས་ཡོད།

༢།༣  ཐེམ་ཐོ་བཅོས་བསྒྱུར།༢༠༠༥ཟླ༦ནས་བཟུང་ཧྲན་ཏུང་དང་ལེའོ་ཉིན།ཧྥུ་ཅན།ཀོང་ཏུང་སོགས་ཞིང་ཆེན་བཅུ་གཅིག་ལྷག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐེམ་ཐོའི་དབྱེ་བ་མེད་པར་བཟོས་པ་དང་།འབྱུང་འགྱུར་ལོ་ཤས་རིང་རྒྱལ་ཡོངས་ཀྱི་ཐེམ་ཐོ་ལམ་ལུགས་ལ་བཅོས་བསྒྱུར་གྱིས།ཁྲིམས་མཐུན་གྱི་གཏན་འཇགས་སྡོད་གནས་གཞིར་བཟུང་ཐེམ་ཐོ་འགོད་རྒྱུ་དང་།རིམ་བཞིན་གྲོང་ཁྱེར་དུ་གནས་སྤོས་ལ་ཚད་བཀག་ཕྱིར་འཐེན་བྱ་འཆར་ཡོད་འདུག

མཁས་པ་ལ་ལས།ཞིང་གསུམ་གྱི་གནད་དོན་ཐག་གཅོད་བྱེད་པའི་མཐར་ཐུག་གི་བྱེད་ཐབས་ནི།གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་དེ་བཟོ་སྐྲུན་དང་ཞབས་ཞུ་ལས་རིགས་སྟེང་སྤུངས་ཏེ།ཞིང་སྡེ་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་དེ་ཡིན་པ་དང་།ད་ལྟའི་བྱེད་སྟངས་ནི་གྲོང་གསེབ་ཀྱི་མི་མངོན་པའི་ལས་ཤོར་མི་འབོར་དག་གྲོང་ཁྱེར་གྱི་མི་འཁྱམས་སུ་བསྒྱུར་བ་ཙམ་དང་།དེས་ད་དུང་སྤྱི་ཚོགས་ལ་ཉེན་ཁ་གསར་པ་སྤྲོད་སྲིད་པའི་ཉེན་བརྡ་བཏང་ཡོད།

發佈留言

發佈留言必須填寫的電子郵件地址不會公開。 必填欄位標示為 *